ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གྲོས་ཚོགས་ཀྱིས་མི་༨༡་ལ་བཀའ་ཡིག་སྤྲིངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་བཟའ་མི་ཚོས་ཁྲིམས་འགལ་བྱས་ཡོད་མེད་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ཕྱི་ཟླ་༣་ཚེས་༤་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་འབྲེལ་བ་ཡོད་པའི་མི་༨༡་ལ་བཀའ་ཡིག་སྤྲིངས་ནས་གྲོས་ཚོགས་ཀྱི་ཞིབ་འཇུག་ལ་དགོས་མཁོ་ཡོད་པའི་ཡིག་ཆ་ཁག་མཁོ་སྤྲོད་བྱ་དགོས། གལ་སྲིད་གྲོས་ཚོགས་ཀྱིས་བཀའ་འགུགས་བྱས་ན་དོ་བདག་སོ་སོ་དངོས་སུ་གྲོས་ཚོགས་སུ་བཅར་ནས་གྲོས་ཀྱི་འདྲི་རྩད་ཁག་ལ་ལན་འདེབས་བྱ་དགོས་ཞེས་བཀོད། ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གིས་བཀའ་ཡིག་གཏོང་ས་དེ་དག་གི་གྲས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་གཉིས་དང་བུ་མོའི་མག་པ། སྲིད་འཛིན་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཟུར་པ་དང་ལོ་མང་རིང་སྲིད་འཛིན་ཌོ་ནལ་ཊམ་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་ཡོད་པའི་མི་མང་པོ་ཞིག་ཚུད་ཅིང་། ཉམས་ཞིབ་པ་ཚོས་ཨ་རིའི་གྲོས་ཚོགས་འོག་མའི་ཞིབ་འཇུག་འདི་རྣམས་སྲིད་འཛིན་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་རྒྱུའི་སྟ་གོན་ཞིག་ཡིན་སྲིད་ཅེས་གླེང་།།

ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌ་ནལ་ཊམ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་གཅིག་པུ་མིན་ཞིང་། ཨ་མི་རི་ཀའི་དམིགས་བསལ་ཞིབ་འཇུག་པ་རོ་བྷར་ཊི་མུ་ལར་གྱིས་སྲིད་འཛིན་ཌོ་ནལ་ཊམ་སྐུ་སྒེར་རམ། ཡང་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཚོགས་པས་ཨུ་རུ་སུའི་གཞུང་ལ་ཁ་མཐུན་བྱས་ནས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་ཡོད་མེད་ལོ་གཉིས་མ་ཟིན་ཙམ་ལ་ཞིབ་འཇུག་བྱས་འདུག ད་ལྟ་རོ་བྷར་ཊི་མུ་ལར་གྱིས་རང་གི་ཞིབ་འཇུག་སྙན་ཐོ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་ལ་འབུལ་ལམ་ཞུ་འཆར་ཡོད་པས་དམིགས་བསལ་ཞིབ་འཇུག་པའི་སྙན་ཐོ་དེར་འཁོད་པའི་དོགས་པ་ཡོད་ས་ཐམས་ཅད་ལ་ཨ་རིའི་གྲོས་ཀྱིས་བསྐྱར་དུ་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་སྔོན་བཏང་ཡོད་པ་སྟེ། ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ནེ་ཌ་ལེར་གྱིས་མི་༨༡་ལ་བཀའ་ཡིག་བཏང་ཡོད། ཁོ་ཚོས་ཕྱི་ཟླ་༣་ཚེས་༡༨་མི་འགྱངས་པར་གྲོས་ཚོགས་ཀྱིས་དགོས་མཁོ་ལྟར་ཡིག་ཆ་རྣམས་འབུལ་ལམ་ཞུ་དགོས་ཞེས་བཤད། གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ནེ་ཌ་ལར་གྱིས་གསར་འགོད་པ་ཚོར་བརྗོད་དོན། འདས་པའི་ལོ་ཤས་རིང་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་འགན་འཁྲི་མེད་པར་ཨ་མི་རི་ཀའི་གཞི་རྩའི་ཁྲིམས་ལུགས་དང་ཀུན་སྤྱོད། རྩ་ཁྲིམས་ཀྱི་དབང་སྒྱུར་དང་རྒྱལ་ཁབ་ཀྱི་སྒྲིག་སྲོལ་ཁག་ལ་ཉིན་ལྟར་རྡོག་བརྫིས་བཏང་ཡོད། ཨ་རིའི་ཁྲིམས་འཛིན་ལམ་ལུགས་ལ་གཏོར་རྒོལ་ཕོག་གི་ཡོད་པ་དེར་ཞིབ་འཇུག་བྱ་རྒྱུ་ནི་རྒྱལ་ཡོངས་གྲོས་ཚོགས་དང་། ལྷག་པར་དུ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ལས་འགན་ཡིན་ཞེས་བཤད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གིས་ཞིབ་འཇུག་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་རྣ་བར་མི་འགྲོ་བའི་སྐད་ཆ་ཞིག་རེད་ཅེས་ངོ་རྒོལ་བྱས་པ་མ་ཟད། ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་ཀྱང་ཞིབ་འཇུག་དེ་ཞབས་འདྲེན་ཞིག་དང་དབང་ཆ་ལོག་སྤྱོད་བྱས་པ། སྲིད་འཛིན་ཌོ་ནལ་ཊམ་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དེ་ཚོར་ཁུངས་ལུང་མེད། རོ་བྷར་ཊི་མུ་ལར་གྱིས་ལོ་གཉིས་མ་ཟིན་ཙམ་ལ་སྲིད་འཛིན་ཌོ་ནལ་ཊམ་དང་ཨ་རུ་སུའི་གཞུང་གཉིས་ཁ་མཐུན་གྱིས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་པ་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མེད་པས་ཁྲིམས་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ནེ་ཌི་ལར་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་ཧོལ་རྒྱུག་བྱས་ནས་སྐྱོན་འཛུགས་བྱ་ཡུལ་གསར་པ་ཞིག་འཚོལ་གྱིན་འདུག ཁོ་ཚོས་ཨ་མི་རི་ཀའི་སྤྱི་དམངས་ལ་སྡིགས་ར་བསྐུལ་ནས་ཡིག་ཆ་མཁོ་སྤྲོད་བྱ་དགོས་ཟེར་གྱི་ཡོད་པ་ངོ་ཚ་དགོས་པ་རེད་ཅེས་དགག་པ་བརྒྱབ།།

འདི་ཙམ་ན་ཨ་རིའི་གྲོས་ཚོགས་འོག་མའི་གསང་བའི་ལས་དོན་ཚོགས་ཆུང་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་། སྲིད་གཞུང་ལྟ་རྟོག་ཚོགས་ཆུང་དང་ལེགས་བཅོས་ཚོགས་ཆུང་བཅས་ཀྱིས་ཕོ་བྲང་དཀར་པོ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་བཀའ་ཡིག་བཏང་སྟེ། སྔ་ལོ་སྲིད་འཛིན་ཌོ་ནལ་ཊམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཀྱིས་ཧྥིན་ལན་ཌིའི་རྒྱལ་ས་ཧལ་སིང་ཀིར་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་བཀའ་མོལ་ཅི་ཞིག་གནང་ཡོད་མེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཁ་པར་ཐོག་ཏུ་བཀའ་མོལ་གནང་བའི་སྐབས་སོ་སོར་གནད་དོན་གང་གང་ལ་གྲོས་བསྡུར་བྱས་ཡོད་མེད་ཀྱི་ཟིན་བྲིས་རྣམས་གྲོས་ཚོགས་ལ་མཁོ་སྤྲོད་བྱ་དགོས་ཞེས་བཀའ་བཏང་ཡོད་ཅིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གིས་བཀའ་རྒྱ་དེ་ཚོར་དག་ལེན་བྱ་རྒྱུའི་ཁས་ལེན་བྱས་འདུག འདས་པའི་ལོ་གཉིས་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཡོད་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་སྲུང་སྐྱོབ་བྱས་ནས་ཞིབ་འཇུག་གཟབ་ནན་དང་མཐིལ་ཕྱིན་པ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་བྱས་ཡོད་སྲིད་པའི་གནད་དོན་ཁག་ལ་ཞིབ་འཇུག་གསལ་བོ་ཞིག་བྱེད་དུ་བཅུག་མེད་མོད། ད་ལྟ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་ཡིན་པས་སྲིད་འཛིན་ཌོ་ནལ་ཊམ་ལ་ཞིབ་འཇུག་བྱ་རྒྱུ་གཞི་ནས་འགོ་ཚུགས། མདོར་ན་ཞིབ་འཇུག་འདི་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་མཇུག་མ་བསྒྲིལ་བར་དུ་མཚམས་འཇོག་བྱ་སྲིད་པའི་རྟགས་མཚན་མི་མངོན་ནོ།།

XS
SM
MD
LG