ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༣/༢༥

རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན།


༄༅།། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་སང་ཉིན་ནས་བཟུང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་འཚོག་རྒྱུ་ཡིན་པ་དང་། ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དམའ་རུ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གསར་པ་ཁག་ཅིག་གཏན་འབེབས་བྱ་རྒྱུ། མི་དམངས་ལ་དཔྱ་ཁྲལ་གཅོག་རྒྱུ་དང་ས་གནས་སྲིད་གཞུང་ཁག་གིས་དངུལ་སྒོར་བུ་ལོན་མང་བ་ལེན་ཆོག་པ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་སྟབས་བདེ་རུ་གཏོང་རྒྱུ་དང་། རྒྱ་ནག་གཞུང་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་བཙན་འཕྲོག་བྱེད་མི་ཆོག་པ་སོགས་ཀྱི་བཅའ་ཁྲིམས་གསར་པ་ཁག་ཅིག་གཏན་འབེབས་བྱ་འཆར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། སྔ་ལོ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ནས་རྒྱ་ནག་ལ་སྔོན་ཆད་བྱུང་མྱོང་མེད་པའི་དཀའ་ངལ་གསར་པ་ཞིག་འཕྲད་ཡོད་པས་རྒྱ་ནག་གཞུང་གིས་ཨ་རི་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་པར་ཨ་མི་རི་ཀས་དགོས་འདུན་བཏོན་པ་ཁག་ཅིག་་ལག་ལེན་བསྟར་དགོས་ཐུག་གི་ཡོད་པ་རེད།།

ཉམས་ཞིབ་པ་མང་པོ་ཞིག་གིས་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ནི་རྒྱ་ནག་གི་དམག་དོན་འགྲོ་གྲོན་ཅི་ཙམ་སྤར་རྒྱུ་ཡིན་མིན་ལ་ཐུག་ཡོད་པ་དང་རྒྱ་ནག་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱལ་སྲུང་འགྲོ་གྲོན་ཅི་ཙམ་སྤར་ཡོད་མེད་ཕྱིར་བསྒྲིགས་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ རྒྱལ་སྤྱིའི་ཉམས་ཞིབ་པ་སོགས་ཀྱིས་རྒྱ་ནག་གིས་དོན་དངོས་སུ་༢༠༡༩་ལོར་དམག་དོན་འགྲོ་གྲོན་ཅི་ཙམ་གཏོང་གི་ཡོད་མེད་ཚོད་དཔག་ཐུབ་ཀྱི་ཡོད་པར་མ་ཟད། གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཞིག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན་༢༠༡༩་ལོར་རྒྱ་ནག་གི་རྒྱལ་སྲུང་དང་རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་བཅས་ལ་འགྲོ་གྲོན་འོས་ཤིང་འཚམས་པ་ཞིག་སྤར་སྣོན་བྱ་འཆར་ཡོད་ཅེས་བཤད། ༢༠༡༨་ལོར་རྒྱ་ནག་གིས་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་༨་དང་གྲངས་ཉུང་༡་སྤར་པ་ནི་རྒྱ་ནག་གཞུང་གིས་ལོ་གསུམ་ལ་སྤར་མྱོང་མེད་པ་ཞིག་སྤར་ཏེ་རྒྱ་གར་དང་ཉི་ཧོང་། ཨ་མི་རི་ཀ་དང་རྒྱ་ནག་གི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་བློ་འཚབ་ཆེན་པོ་བྱ་དགོས་པ་ཞིག་ཏུ་གྱུར། རྒྱ་ནག་གི་དམག་དོན་འགྲོ་གྲོན་གཏོང་ས་གཙོ་བོ་ཞིག་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་ལ་སྒྱུར་གྱི་ཡོད་པ་སྟེ། རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་ཆེན་པོ། བར་སྣང་གི་འཁོར་སྐར་གཏོར་སྤྱད་མེ་ཤུགས་འཕུར་མདེལ་སོགས་ཡར་རྒྱས་གཏོང་བར་འགྲོ་གྲོན་གཏོང་གི་ཡོད་པ་རེད།།

ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཟུར་པ་ཀྲང་ཡེ་སུའི་ཡིས་གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་ཅི་ཙམ་སྤར་སྣོན་བྱས་ཡོད་མེད་ཁྱབ་བསྒྲགས་བྱ་འཆར་ཡོད། རྒྱ་ནག་གི་དམག་དོན་འགྲོ་གྲོན་རྣམས་རང་སྲུང་དང་ཞི་བདེ་བསྐྲུན་ཐབས་འབའ་ཞིག་གི་ཆེད་དུ་ཡིན། རྒྱ་ནག་གི་དམག་དོན་དེང་རབས་ཅན་དུ་བསྒྱུར་དགོས་པ་དང་རྒྱལ་ཁབ་སྲུང་སྐྱོབ་ལ་དམག་དོན་འགྲོ་གྲོན་འོས་འཚམས་རེ་སྤར་དགོས་ཀྱིན་འདུག རྒྱ་ནག་གིས་རྒྱལ་སྲུང་འགྲོ་གྲོན་གང་འཚམ་རེ་སྤར་བཞིན་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་བདག་དབང་། མངའ་ཁོངས་གོང་བུ་གཅིག་གྱུར་བཅས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་པ་ལས། རྒྱལ་ཁབ་གཞན་ལ་བཙན་འཛུལ་བྱེད་པའི་ཆེད་དུ་མིན། རྒྱལ་ཁབ་གང་ཞིག་རྒྱལ་ཁབ་གཞན་ཞིག་ལ་ཉེན་ཀ་ཡིན་མིན་ནི་རྒྱལ་ཁབ་དེའི་ཕྱི་སྲིད་དང་རྒྱལ་སྲུང་སྲིད་ཇུས་ལ་ཐུག་ཡོད། རྒྱལ་ཁབ་གཅིག་གིས་དམག་དོན་ལ་འགྲོ་གྲོན་ཅི་ཙམ་གཏོང་གི་ཡོད་པ་དེར་རག་ལས་མེད། རྒྱ་ནག་གིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་དཔལ་འབྱོར་ཡོང་འབབ་ཁོངས་ནས་བརྒྱ་ཆ་༡་དང་གྲངས་ཆུང་༣་ལས་དམག་དོན་ལ་འགྲོ་གྲོན་གཏོང་གི་མེད། ཡར་ཐོན་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་དཔལ་འབྱོར་ཡོང་འབབ་ཁོངས་ནས་བརྒྱ་ཆ་༢་ལྷག་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པར་བསྡུར་ཚེ། རྒྱ་ནག་གི་ལོ་རེའི་དམག་དོན་འགྲོ་གྲོན་མང་པོ་ཞིག་མ་རེད་ཅེས་བཤད། ༢༠༡༨་ལོར་རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་༡་དང་ཐེར་འབུམ་ཆེན་མོ་༦༥་ལྷག་དམག་དོན་ལ་འགྲོ་གྲོན་བཏང་ཡོད་པ་རེད།།

༢༠༡༩་ལོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་སྒོར་ཁྲག་ཁྲིག་༧་དང་ཐེར་འབུམ་ཆེན་མོ་༥༠་ཐམ་པ་དམག་དོན་ལ་འགྲོ་གྲོན་དགོས་ཞེས་གྲོས་ཚོགས་ལ་ཞུས། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པའི་དམག་དོན་འགྲོ་གྲོན་དང་དོན་དངོས་སུ་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པ་གཉིས་ལ་ཁྱད་པར་ཆེན་པོ་འདུག རྒྱ་ནག་གིས་དམག་དོན་འགྲོ་གྲོན་གསང་བ་བྱེད་ཀྱི་མེད་པ་རྒྱལ་ཁབ་གཞན་ལ་ཉེན་ཀ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་རང་གི་དམག་དོན་འགྲོ་གྲོན་ཕྱི་གསལ་ནང་གསལ་ཡིན་ཞེས་ལན་བརྒྱབ། ༢༠༡༩་ལོའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་༦་ལ་དམིགས་ཚད་འཛིན་རྒྱུ། འདི་ནི་༢༠༡༨་ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་༦་དང་གྲངས་ཆུང་༥་ལ་དམིགས་ཚད་བཟུང་བ་དེ་ནས་བརྒྱ་ཆ་ཕྱེད་ཀ་ཉུང་དུ་བཏང་ཡོད་པ་རེད།།

XS
SM
MD
LG