ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་ལྷོ་ཨེ་ཤི་ཡའི་འཁྲུག་རྩོད་ལ་ཞུགས་འདོད་མེད་པ།


༄༅།། རྒྱ་གར་དང་པ་ཀི་སི་ཐན་གཉིས་སླར་ཡང་དམག་འཁྲུག་ཆེན་པོ་ཞིག་རྒྱག་སྲིད་པའི་ཉེན་ཀའི་གནས་སུ་ལྷུང་། རྒྱ་ནག་ཀྱང་ཀ་ཤི་མིར་ལ་ས་འདྲེས་ཡིན་པས་ལྷོ་ཨེ་ཤི་ཡའི་འཁྲུག་རྩོད་དེར་རྒྱ་ནག་ཞོར་འདྲུད་ཐེབས་སུ་འཇུག་འདོད་མེད་པ་དང་རྒྱ་ནག་གིས་གཟབ་ནན་གྱི་ལངས་ཕྱོགས་ཤིག་འཛིན་དགོས་པའི་དུས་སུ་བབས། གཟའ་འཁོར་འདིར་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་པ་དང་པ་ཀི་སི་ཐན་གྱིས་རྒྱ་གར་ལ་རྒོལ་ལན་སློག རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་ལ་འགོག་རྒོལ་བྱས་ནས་རྒྱ་གར་གྱི་གནམ་གྲུའི་ཁ་ལོ་བ་ཞིག་པ་ཀི་སི་ཐན་གྱིས་གསོན་པོར་བཟུང་། འདི་ནི་༡༩༧༡་ནས་ཀ་ཤི་མིར་གྱི་ས་མཚམས་སུ་བྱུང་མྱོང་མེད་པའི་ཛ་དྲག་གི་གནས་སྟངས་ཤིག་ཏུ་གྱུར། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་དཔལ་འབྱོར་དང་ཕྱི་འབྲེལ། འཛུགས་སྐྲུན་དང་དམག་དོན་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པས་རྒྱ་ནག་གི་ཧ་ཅང་བློ་ཐག་ཉེ་བའི་མཐུན་གྲོགས་རྒྱལ་ཁབ་ཅིག་ལ་དམག་འཁྲུག་གི་ཉེན་ཀ་བྱུང་ན་རྒྱ་ནག་གིས་པ་ཀི་སི་ཐན་སྐྱོབ་དགོས་པ་དང་རྒྱ་ནག་གིས་རང་ཉིད་བློ་གཏད་བྱ་ཆོག་པའི་རྒྱལ་ཁབ་ཅིག་ཡིན་པའི་རྟགས་མཚན་ཞིག་སྟོན་དགོས། ཡིན་ནའང་རྒྱ་ནག་གིས་རང་ཉིད་མཐའ་གཅིག་ཏུ་པ་ཀི་སི་ཐན་གྱི་རྒྱབ་རྩར་ལངས་པ་དང་རྒྱ་གར་དགྲ་ཟླར་བཟུང་ན་དགེ་མཚན་མེད་པ་ངོས་ཟིན།།

རྒྱ་ནག་ལ་མཚོན་ན་ཨ་མི་རི་ཀར་ཚོང་ལས་ཀྱི་འགལ་ཟླ་བྱུང་ནས་ཕྱོགས་གཉིས་ལ་ཚོང་དམག་ཅིག་ལངས་ཡོད་པས་རྒྱ་ནག་གིས་རྒྱ་གར་ལ་འབྲེལ་བ་ཡར་རྒྱས་བཏང་ནས་ཕྱོགས་གཉིས་ཀྱི་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུ་དང་དཔལ་འབྱོར་གྱི་འབྲེལ་ལམ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ། རྒྱ་ནག་གི་ཕྱིར་ཚོང་མཐའ་དག་ཨ་མི་རི་ཀར་བརྟེན་མི་དགོས་པར་འཛམ་གླིང་ཁྱོན་ཡོངས་ལ་ཚོང་ལས་རྒྱ་སྐྱེད་གཏོང་དགོས་པའི་ཐབས་ལམ་ཞིག་འཚོལ་བཞིན་ཡོད་ཅིང་། དེར་བརྟེན་སྔ་ལོ་གཅིག་པུར་རྒྱ་གར་གྱི་སྲིད་བློན་མོ་དྷི་རྒྱ་ནག་ལ་འཚམས་འདྲིར་ཐེངས་གཉིས་ཕེབས་ནས་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱས་པ་དང་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་ཐབས་སུ་འབད། གཟའ་འཁོར་འདིར་རྒྱ་ནག་ཕྱི་སྲིད་ལྷན་ཁང་དང་རྒྱལ་སྲུང་ལྷན་ཁང་གཉིས་ཀས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཚོད་འཛིན་བྱ་དགོས། ཁོ་ཚོས་ལྷོ་ཨེ་ཤི་ཡའི་ཞི་བདེ་བརྟན་ལྷིང་ལ་བསམ་བློ་གཏོང་དགོས་ཞེས་ནན་སྐུལ་རིམ་པ་ཞིག་བྱས་པར་མ་ཟད། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་རྒྱ་ནག་གིས་པ་ཀི་སི་ཐན་དང་རྒྱ་གར་གྱི་འཁྲུག་རྩོད་ཞོད་འཇགས་གཏོང་བའི་ལས་འགན་ནུས་པ་ཐོན་པ་ཞིག་འཁུར་དགོས་ཞེས་འབོད་སྐུལ་ཞུས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ལ་ཁ་པར་ནང་དུ་བཀའ་མོལ་གནང་བའི་སྐབས་སུ་རྒྱལ་ཁབ་ཐམས་ཅད་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདག་དབང་ལ་ཚང་མས་བརྩི་འཇོག་བྱ་དགོས། རྒྱལ་སྤྱིའི་སྒྲིག་སྲོལ་ཁག་ལ་གཏོར་བརླག་བྱེད་ཀྱི་ཡོད་པ་དེར་རྒྱ་ནག་མོས་མཐུན་མེད་ཅེས་བཀའ་མོལ་ནན་པོ་གནང་འདུག

ལོན་ཌོན་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་ཁང་གི་འགན་འཛིན་སི་ཊིབ་ཚཱང་གིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་གང་འདྲ་ཞིག་བརྒྱབ་ཀྱང་རྒྱ་ནག་ལ་ཁེ་ཕན་མེད། པ་ཀི་སི་ཐན་ཕམ་ཉེས་བྱུང་ན་རྒྱ་ནག་ལ་ཁེ་ཕན་མེད་པ་ལྟར་རྒྱ་ནག་གིས་རྒྱ་གར་ལ་འཁྲུག་རྩོད་བསླང་ནའང་དགེ་མཚན་མེད། རྒྱ་ནག་གིས་ཞིན་ཅང་སོགས་ལ་བསམ་བློ་གཏོང་དགོས་པ་དང་རྒྱ་གར་དང་པ་ཀི་སི་ཐན་སྔ་མོ་ནས་འབྲེལ་བ་བཟང་པོ་མེད་པ་རྒྱ་ནག་ལ་མཚོན་ན་དཀའ་ངལ་ཆེན་པོ་ཞིག་མིན། རྒྱ་ནག་གིས་པ་ཀི་སི་ཐན་མཐུན་གྲོགས་གཙོ་བོ་ཞིག་ལ་རྩི་བཞིན་ཡོད་པའི་ཕྱི་ཚུལ་གྱི་རྣམ་འགྱུར་ཞིག་སྟོན་དགོས། ཡིན་ནའང་གཟའ་འཁོར་འདིར་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་སྡུག་ཏུ་སོང་ནས་དམག་འཁྲུག་གི་མཚམས་སུ་ལྷུང་ཡོད་པས་རྒྱ་ནག་གཞུང་གིས་རྒྱ་གར་དང་པ་ཀི་སི་ཐན་གྱི་འཁྲུག་རྩོད་དེར་ལངས་ཕྱོགས་གསལ་བོ་གང་འདྲ་ཞིག་སྟོན་དགོས་མིན་ཚོད་དཔག་མ་ཐུབ་པར་ལུས་འདུག རྒྱ་ནག་ལ་རྒྱ་གར་ཨ་མི་རི་ཀའི་ཕྱོགས་སུ་རྫོང་འདོད་གཏན་ནས་མེད། ལྷག་པར་དུ་རྒྱ་ནག་གིས་པ་ཀི་སི་ཐན་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པ་ནི་རྒྱ་གར་གྱིས་པ་ཀི་སི་ཐན་ལ་ཕར་རྒོལ་བྱེད་ཀྱི་ཡོད་པ་ཞིག་མིན། པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་འཇིགས་སྐུལ་རིང་ལུགས་པ་ཚོས་རྒྱ་གར་ལ་ཚུར་རྒོལ་བྱས་ནས་རྒྱ་གར་གྱིས་པ་ཀི་སི་ཐན་ལ་རྒོལ་ལན་སློག་ཡོད་པས་རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱ་ཐབས་བྲལ། རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དང་ཞིན་ཅང་གི་ཡུ་གུར་བ་མང་པོ་ཞིག་འཇིགས་སྐུལ་རིང་ལུགས་པ་ཡིན། རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་རྒྱལ་སྤྱིའི་ཐོག་ཏུ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས་རྒྱ་ནག་གིས་ནམ་ཡང་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ནས་རྒྱ་གར་གྱིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་འགྲིག་མི་འདུག་ཟེར་དཀའ་ཞེས་བཤད།།

ཨ་མི་རི་ཀའི་རྒྱ་ནག་གི་ཉམས་ཞིབ་པ་ཚོས་རྒྱ་ནག་ལ་ཐབས་ལམ་བཟང་པོ་འབའ་ཞིག་ཡོད་པ་ནི་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རྒྱ་གར་དང་པ་ཀི་སི་ཐན་གྱི་ཛ་དྲག་ཞི་འཇམ་གཏོང་ཐབས་བྱ་དགོས་ཞེས་བཤད། པེ་ཅིང་སློབ་གྲྭ་ཆེན་མོའི་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་མཁས་པ་ཧན་ཧྭས་ཀྱང་རྒྱ་ནག་གིས་པ་ཀི་སི་ཐན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པ་དང་ཨ་མི་རི་ཀས་རྒྱ་གར་ལ་ཤུགས་རྐྱེན་གང་འཚམ་ཞིག་ཐེབས་ཀྱི་ཡོད་པས་རྒྱ་ནག་དང་ཨ་མི་རི་ཀ་མཉམ་འབྲེལ་བྱས་ནས་རྒྱ་གར་དང་པ་ཀི་སི་ཐན་གྱི་འཁྲུག་རྩོད་ཞོད་འཇགས་གཏོང་རྒྱུ་འོས་ཤིང་འཚམས། རྒྱ་ནག་གི་ལངས་ཕྱོགས་ནི་གསལ་སྟོན་བྱས་ཟིན་ཡོད་པ་སྟེ། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཚོད་འཛིན་བྱ་དགོས། ལྷོ་ཨེ་ཤི་ཡར་ཞི་བདེ་བརྟན་ལྷིང་བྱུང་ན་རྒྱ་ནག་ལ་དགེ་མཚན་ཡོད་པ་གསལ་སྟོན་བྱས་འདུག ༢༠༡༧་ལོར་རྒྱ་དཀར་ནག་གཉིས་ཀྱིས་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་རྒྱག་གྲབས་བྱས་ཡོད་པ་དང་༢༠༡༨་ལོར་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་མ་དྷི་གཉིས་ཀྱིས་དཀར་ནག་གི་འབྲེལ་བ་བཟང་ཕྱོགས་སུ་བསྒྱུར་དགོས་པ་གནད་འགག་ཆེན་པོ་ཞིག་ལ་བརྩིས། དེས་ན་རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་པ་དང་རྒྱ་གར་དགྲ་ཟླར་བཟུང་ནས་རྒྱ་དཀར་ནག་གི་འབྲེལ་བ་སླར་གསོ་བྱུང་ཡོད་པ་དེར་འགོག་རྐྱེན་འཕྲད་དུ་འཇུག་འདོད་གཏན་ནས་མེད་ཅེས་བཤད་འདུག

XS
SM
MD
LG