ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གར་གྱི་གནམ་གྲུའི་ཁ་ལོ་བ་གློད་གྲོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། གཟའ་འཁོར་འདིར་རྒྱ་གར་དང་པ་ཀི་སི་ཐན་གྱི་གནམ་དམག་གིས་ཀ་ཤི་མིར་གྱི་ས་མཚམས་ཁག་ཏུ་ཕན་ཚུན་གཏོར་རྒོལ་བྱས་པ་དང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་ཞིག་གི་ཁ་ལོ་བ་ཞིག་པ་ཀི་སི་ཐན་གྱིས་གསོན་པོར་བཟུང་། ཕྱི་ཟླ་༣་ཚེས་༡་ཉིན་པ་ཀི་སི་ཐན་གཞུང་གིས་རྒྱ་གར་གྱི་ཨམ་རིཏ་སར་གྲོང་ཁྱེར་ནས་སྤྱི་ལེ་༢༨་ལས་མེད་པའི་ཝ་གྷ་ས་མཚམས་སུ་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་རྒྱ་གར་ལ་རྩིས་སྤྲོད་བྱས་ནས་གློད་གྲོལ་ཐོབ། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཀ་ཤི་མིར་གྱི་འཁྲུག་རྩོད་འདི་ལྷོ་ཨེ་ཤི་ཡའི་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་དུ་འཇུག་མི་ཉན་པའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཉིས་ཀས་ཀ་ཤི་མིར་གྱི་ས་མཚམས་ཁག་ཏུ་ཕན་ཚུན་མེ་སྒྱོགས་རྒྱག་རེས་བྱས་ནས་ཞག་མ་གསུམ་པ་ཕྱིན་ཡོད་ཅིང་། རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་ས་གནས་ཀུན་ཏུ་ཆབ་སྲིད་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་ཅེས་བཀག་སྡོམ་བྱས་ནས་རྒྱ་གར་གྱི་དབང་སྒྱུར་ལ་ངོ་རྒོལ་བྱེད་མཁན་ཀ་ཤི་མིར་གྱི་གྱེན་ལོག་པ་ཚོར་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་འགོ་ཚུགས། ད་སྔ་ཕན་ཆད་ལ་ཀ་ཤི་མིར་མི་དམངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱེད་མཁན་སྲིད་དོན་ཚོགས་པ་ཞིག་གི་ཚོགས་མི་༤༠༠་ལྷག་འཛིན་བཟུང་བྱས་པ་དང་གཟའ་པ་སངས་ཉིན་རྒྱ་གར་གཞུང་གིས་སི་རི་ན་གྷར་གྲོང་ཁྱེར་གཙོ་བོར་གྱུར་པའི་ཀ་ཤི་མིར་གྱི་ས་གནས་ཁག་ལ་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པའི་བཀག་རྒྱ་བསྡམས། འདི་ནི་ཀ་ཤི་མིར་གྱི་ས་ཐོག་ཏུ་ལོ་བཅུ་ཕྲག་གཉིས་ལྷག་ལ་བྱུང་མྱོང་མེད་པའི་དམ་དྲག་ཅིག་ཡིན་པས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཀ་ཤི་མིར་གྱི་ས་མཚམས་ཁག་ཏུ་དམག་འཁྲུག་གི་གྲ་སྒྲིག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་པ་སངས་ཀྱི་ཕྱི་དྲོའི་ཆུ་ཚོད་༤་པ་ཡས་མས་སུ་པ་ཀི་སི་ཐན་གཞུང་གིས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་ཝྭར་ཐར་ནམ་ཞེས་པ་དེ་ལཱ་ཧོར་གྲོང་ཁྱེར་ནས་ས་མཚམས་བར་དུ་པ་ཀི་སི་ཐན་གྱི་དམག་གི་རླངས་འཁོར་ནང་དུ་བསྐྱལ། རྒྱ་གར་ཕྱོགས་སུ་ཁ་ལོ་བ་དེར་དམག་གི་རུ་སྒྲིག་བྱས་པ་དང་ས་གནས་དེའི་ཡུལ་མི་ཚོས་རྒྱ་གར་གྱི་རྒྱལ་དར་འཕྱར་པ། ཁོ་པར་མེ་ཏོག་གི་ཕྲེང་བ་ཆེན་པོ་ཕུལ་ནས་ཕེབས་བསུ་གཟབ་རྒྱས་ཞུས། ལོ་ན་༣༥་ལ་སོན་པའི་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་ཝྭར་ཐ་ནམ་ནི་གནམ་དམག་གི་ཁ་ལོ་བ་རྙིང་པ་ཞིག་ཡིན། ཁོ་པར་ལོ་༡༥་ཡས་མས་ཤིག་གི་འཐབ་རྒོལ་གྱི་ཉམས་མྱོང་ཡོད་པར་མ་ཟད། ཁོ་པའི་མཱིག་༢༡་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེར་འཕུར་མདེལ་ཕོག་ཀྱང་པ་ཀི་སི་ཐན་གྱི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ལ་ཕར་རྒོལ་བྱས་ནས་སར་གཡུགས་པའི་གནས་ཚུལ་ཐོན། པ་ཀི་སི་ཐན་གྱི་གནམ་དམག་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པས་ཐེངས་འདིར་རྒྱ་གར་གྱི་གནམ་དམག་ལ་འཐབ་རྒོལ་བྱས་པའི་སྐབས་སུ་པ་ཀི་སི་ཐན་གྱི་གནམ་དམག་གིས་རྒྱ་ནག་ནས་ཐོན་པའི་མཉམ་འབྲེལ་འཐབ་འཛིང་གནམ་གྲུ་བཀོལ་སྤྱོད་བྱས་འདུག་ཅེས་བཤད་ཀྱང་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀས་ཐེངས་འདིར་མཉམ་འབྲེལ་འཐབ་འཛིང་གནམ་གྲུ་༡༧་རྟགས་ཅན་རྣམས་བཀོལ་སྤྱོད་བྱས་ཡོད་མེད་ངེས་གཏན་བྱེད་ཀྱི་མེད་ཅིང་། གཟའ་ལྷག་པའི་ཉིན་རྒྱ་ནག་གི་མཉམ་འབྲེལ་འཐབ་འཛིང་གནམ་གྲུ་རྣམས་པ་ཀི་སི་ཐན་གྱི་དམག་གིས་བཀོལ་སྤྱོད་བྱས་འདུག་ཅེས་གསར་འགྱུར་ཐོན་ནས་བཟུང་། རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་གྱི་མ་རྐང་ཁྲོམ་རར་མཉམ་འབྲེལ་འཐབ་འཛིང་གནམ་གྲུ་བཟོ་ཚོང་ཁང་གི་མ་རྐང་གི་རིན་གོང་ཡར་འཕར།།

མཉམ་འབྲེལ་འཐབ་འཛིང་གནམ་གྲུ་ནི་པ་ཀི་སི་ཐན་གྱི་གནམ་གྲུ་བརྟག་དཔྱད་ཞིབ་འཇུག་ཁང་དང་རྒྱ་ནག་གི་ཁྲེན་ཏུའུ་གནམ་གྲུ་བཟོ་ཚོང་ཁང་གཉིས་མཉམ་འབྲེལ་ཐོག་ཏུ་གསར་བཟོ་བྱས་པ་ཞིག་ཡིན་པས་གསར་འགོད་པ་ཚོས་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་ལ་མཉམ་འབྲེལ་འཐབ་འཛིང་གནམ་གྲུ་པ་ཀི་སི་ཐན་གྱི་གནམ་དམག་གིས་བཀོལ་སྤྱོད་བྱས་ཡོད་མེད་དང་། མཉམ་འབྲེལ་འཐབ་འཛིང་གནམ་གྲུ་ཞིག་གིས་རྒྱ་གར་གྱི་མཱིག་༢༡་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་སར་གཡུགས་པ་བདེན་པ་ཡིན་མིན་འདྲི་རྩད་བྱས་མོད། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་འདེབས་མ་བྱས་པར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཚོད་འཛིན་བྱ་དགོས། ད་ལྟ་ཕྱོགས་གཉིས་ཀས་ཟིང་འཁྲུག་ཆེ་རུ་མི་གཏོང་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་ནན་བརྗོད་བྱས་འདུག པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་གཉིས་ལ་འཕུར་མདེལ་བརྒྱབ་ནས་སར་གཡུགས་པ་ཡིན་ཞེས་བསྒྲགས། རྒྱ་གར་གཞུང་གིས་རང་གི་འཐབ་འཛིང་གནམ་གྲུ་གཅིག་ལ་མ་གཏོགས་གཏོར་རྒོལ་ཕོག་མེད། རྒྱ་གར་གྱི་མཱིག་༢༡་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ལ་འཕུར་མདེལ་ཕོག་ཀྱང་པ་ཀི་སི་ཐན་གྱི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ལ་ཕར་རྒོལ་བྱས་ནས་སར་གཡུགས་པ་ཡིན་ཞེས་བསྒྲགས། པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་ཀ་ཤི་མིར་གྱི་འཐབ་འཁྲུག་སྐབས་སུ་བཀོལ་སྤྱོད་བྱས་མེད་ཅེས་དག་སེལ་བྱས་པ་དང་། ཁོ་ཚོས་ཐེངས་འདིར་རྒྱ་ནག་དང་པ་ཀི་སི་ཐན་གཉིས་མཉམ་འབྲེལ་ཐོག་ཏུ་གསར་བཟོ་བྱས་པའི་འཐབ་འཛིང་གནམ་གྲུ་བཀོལ་སྤྱོད་བྱས་ཡོད་པ་ཤུགས་ཀྱིས་བསྟན།།

པ་ཀི་སི་ཐན་གཞུང་གིས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་དེ་གློད་གྲོལ་བཏང་བ་ནི་ཞི་བདེ་བསྐྲུན་འདོད་ཡོད་པའི་རྟགས་མཚན་ཡིན། ང་ཚོར་ཀ་ཤི་མིར་བརྩད་ནས་སླར་ཡང་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་འཁྲུག་ཆེན་པོ་སློང་འདོད་མེད་ཅེས་བཤད། པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་རྒྱ་གར་ལ་ཞི་བའི་གྲོས་མོལ་བྱས་ནས་ཀ་ཤི་མིར་གྱི་གནད་དོན་ཐག་གཅོད་བྱ་དགོས་ཞེས་འབོད་སྐུལ་ཞུས། ད་དུང་པ་ཀི་སི་ཐན་གྱི་གྲོས་ཚོགས་གོང་འོག་གཉིས་ཀས་སྲིད་བློན་ཨིམ་རན་ཁན་ལ་རྒྱ་གར་དང་ཞི་བའི་གྲོས་མོལ་བྱ་དགོས་ཞེས་སྤྱི་མོས་གྲོས་ཆོད་ཅིག་བཞག་ཀྱང་རྒྱ་གར་གཞུང་གིས་པ་ཀི་སི་ཐན་ལ་ཞི་བའི་གྲོས་མོལ་བྱ་རྒྱུའི་དུས་ཚོད་ཡོལ་ཟིན། ང་ཚོས་ཕར་རྒོལ་མ་བྱས་པར་ཚུར་རྒོལ་བྱས་སོང་། པ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་དགོས། ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པ་རྩ་མེད་གཏོང་དགོས། རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེ་ཁག་འཐབ་འཁྲུག་ལ་གྲ་སྒྲིག་ཡོད་ཅེས་པ་ཀི་སི་ཐན་ལ་སྡིགས་ར་བསྐུལ་ནས་ཞི་བའི་གྲོས་མོལ་བྱ་དགོས་ཟེར་པར་བཟང་ལན་ཞིག་མ་སློག

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ཀ་ཤི་མིར་གྱི་རང་སྲོག་བློས་གཏོང་བ་ཞིག་གིས་རང་གི་རླངས་འཁོར་ནང་དུ་འབར་རྫས་རྒྱ་མ་༣༥༠་ཙམ་བརྩིགས་ནས་རྒྱ་གར་གྱི་དམག་གི་རླངས་འཁོར་ལ་རྡུང་ཁ་བརྒྱབ་སྟེ་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་༤༢་བསད་པ་དང་མི་༢༠་ལྷག་རྨས། པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པས་གཏོར་རྒོལ་དེའི་ལན་ཁག་ཁས་བླངས། ཕྱི་ཟླ་༢་ཚེས་༢༦་གི་ཐོ་རངས་སུ་རྒྱ་གར་གྱིས་ཧྥ་རན་སི་ནས་ནང་འདྲེན་བྱས་པའི་འཐབ་འཛིང་གནམ་གྲུ་༡༢་བཏང་ནས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་ཚོགས་པ་དེའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་པ་དང་ཕྱི་ཉིན་དེར་པ་ཀི་སི་ཐན་གྱིས་རྒྱ་གར་ལ་རྒོལ་ལན་སློག དེ་ནས་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་ལ་འགོག་རྒོལ་བྱས་ནས་ཕྱོགས་གཉིས་ཀྱི་གནམ་དམག་གིས་ཀ་ཤི་མིར་གྱི་ས་མཚམས་ཁག་ཏུ་འཐབ་འཁྲུག་བརྒྱབ། ཀ་ཤི་མིར་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་ཁ་ཆེའི་ཡུལ་ཞེས་བཀོད་ཡོད་པ་དེར་གོ་དགོས་སོ།།

XS
SM
MD
LG