ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་༢་ལ་གཏོར་རྒོལ་ཕོག


༄༅།། པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་གཉིས་ལ་པ་ཀི་སི་ཐན་གྱི་གནམ་དམག་གིས་གཏོར་ནས་གནམ་གྲུ་དེ་དག་སར་གཡུགས་ཏེ་གནམ་གྲུའི་ཁ་ལོ་བ་གཉིས་འཛིན་བཟུང་བྱས་པ་ཡིན། རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་གཅིག་རྒྱ་གར་གྱི་དབང་སྒྱུར་འོག་ཏུ་ཡོད་པའི་ཀ་ཤི་མིར་ས་ཐོག་ཏུ་ལྷུང་སོང་། ཁ་སང་གཟའ་མིག་དམར་ཉིན་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཏོར་རྒོལ་བྱས་བྱུང་། དེ་རིང་གཟའ་ལྷག་པའི་ཉིན་པ་ཀི་སི་ཐན་གྱི་གནམ་དམག་གིས་རྒྱ་གར་གྱི་ས་ཐོག་ཏུ་ཕར་རྒོལ་བྱས་ནས་རྒོལ་ལན་སློག་པ་ཡིན་ཞེས་བསྒྲགས། རྒྱ་གར་གཞུང་གིས་ཀྱང་རང་གི་འཐབ་འཛིང་གནམ་གྲུ་གཅིག་ལ་པ་ཀི་སི་ཐན་གྱིས་གཏོར་རྒོལ་བྱས་ནས་སར་གཡུགས་པ་ངོས་ལེན་བྱས་ཀྱང་འཐབ་འཛིང་གནམ་གྲུ་གཞན་པ་དེར་ཅི་ཞིག་བྱུང་མིན་འགྲེལ་བཤད་བརྒྱབ་མེད་ཅིང་། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱི་དམག་གི་མགྲིན་ཚབ་པ་ཞིག་གིས་གཏོར་རྒོལ་ཕོག་པའི་རྒྱ་གར་བའི་འཐབ་འཛིང་གནམ་གྲུ་གཅིག་རྒྱ་གར་གྱིས་དབང་སྒྱུར་བྱས་ཡོད་པའི་ཀ་ཤི་མིར་ས་ཐོག་ཏུ་ལྷུང་སོང་ཞེས་བཀྲལ། འདི་ནི་༡༩༧༡་ནས་རྒྱ་གར་དང་པ་ཀི་སི་ཐན་གྱིས་ཕན་ཚུན་འཐབ་འཛིང་གནམ་གྲུ་བཏང་ནས་གཏོར་རྒོལ་བྱ་རེས་བྱས་པ་ཐེངས་དང་པོ་ཡིན་པས་ལྷོ་ཨེ་ཤི་ཡའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་གཉིས་ཀྱིས་སླར་ཡང་དམག་འཁྲུག་ཆེན་པོ་ཞིག་རྒྱག་སྲིད་པའི་ཉེན་ཀ་ཡོད་པ་རེད།།

པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་ང་ཚོས་རྒྱ་གར་ལ་དམག་འཁྲུག་རྒྱག་འདོད་མེད། ང་ཚོས་ཞི་བའི་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱ་དགོས། ཉེ་ཆར་ཀ་ཤི་མིར་གྱི་པུལ་ཝ་མ་ས་གནས་སུ་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པར་གཏོར་རྒོལ་ཕོག་པར་རྩད་གཅོད་བྱེད་ཕྱོགས་སུ་པ་ཀི་སི་ཐན་གྱིས་མཉམ་འབྲེལ་བྱ་ཆོག་ཅེས་རྒྱ་གར་ལ་བཤད་ཡོད། ཡིན་ནའང་སྲིད་བློན་མོ་དྷིས་གཏན་ནས་པ་ཀི་སི་ཐན་ལ་བརྡ་ལན་གང་ཡང་བརྒྱབ་མ་བྱུང་། གཟའ་ལྷག་པའི་གཏོར་རྒོལ་འདི་ནི་ཁྱེད་ཚོ་ཚུར་ཡོང་ནས་ང་ཚོར་གཏོར་རྒོལ་བྱེད་ཐུབ་ན་ང་ཚོ་ཡང་ཕར་སོང་ནས་ཁྱོད་ཚོར་རྒོལ་ལན་སློག་ཐུབ་པའི་གོ་བརྡ་གསལ་བོ་ཞིག་སྤྲད་པ་ཡིན། ང་ཚོ་ཕྱོགས་གཉིས་ཀར་རྡུལ་ཕྲན་མཚོན་ཆ་ཡོད་པ་དེ་ལ་བསམ་བློ་ཐོངས། ང་ཚོ་རྩིས་ལོག་ཐེབས་ནས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཅིག་བསླང་ཉན་ས་རེད་དམ་ཞེས་བཤད་ཡོད་པར་མ་ཟད། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་ང་ཚོར་དམག་འཁྲུག་རྒྱག་འདོད་མེད། གལ་སྲིད་ང་ཚོའི་སྟེང་དུ་དམག་འཁྲུག་བཙན་འགེལ་བྱས་ན་པ་ཀི་སི་ཐན་ལ་གྲ་སྒྲིག་ཆ་ཚང་ཡོད། པ་ཀི་སི་ཐན་གྱི་གནམ་དམག་གིས་མི་ལ་སྲོག་སྐྱོན་མི་འབྱུང་བའི་ཆེད་དུ་རྒྱ་གར་གྱི་དམག་སྒར་ཁག་ལ་དམིགས་སུ་བཀར་ནས་གཏོར་རྒོལ་བྱས་མེད། ང་ཚོས་པ་ཀི་སི་ཐན་གྱིས་རྒྱ་གར་ལ་རྒོལ་ལན་སློག་ཐུབ་ཀྱི་ཡོད་པའི་རྟགས་མཚན་གསལ་བོ་ཞིག་བསྟན་པ་ཡིན་ཞེས་བཤད།།

རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་གནམ་དམག་ལ་འཐབ་རྒོལ་བྱས་ནས་རྒྱ་གར་གྱི་མཱིག་༢༡་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ལ་གཏོར་རྒོལ་ཕོག་སོང་། གནམ་གྲུ་དེའི་ཁ་ལོ་བའང་གར་སོང་ཆ་མེད་དུ་གྱུར་འདུག པ་ཀི་སི་ཐན་གྱི་འཐབ་འཛིན་གནམ་གྲུ་ཞིག་ལའང་རྒྱ་གར་གྱི་གནམ་དམག་གིས་གཏོར་རྒོལ་བྱས་ནས་སར་གཡུགས་པ་ཡིན། གཟའ་ལྷག་པའི་ཉིན་རྒྱ་གར་གྱི་དབང་སྒྱུར་འོག་གི་ཀ་ཤི་མིར་གྱི་ས་ཐོག་ཏུ་ཡོད་པའི་རྒྱ་གར་གྱི་དམག་སྒར་ཁག་ལ་པ་ཀི་སི་ཐན་གྱི་གནམ་དམག་གིས་གཏོར་རྒོལ་བྱས་སོང་། དེར་བརྟེན་རྒྱ་གར་གྱི་གནམ་དམག་གིས་འཕྲལ་དུ་པ་ཀི་སི་ཐན་གྱི་གནམ་དམག་ལ་རྒོལ་ལན་སློག་པ་ཡིན་ཞེས་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ར་ཝྭི་ཤི་ཀུ་མར་གྱིས་གསར་འགོད་གསལ་བསྒྲགས་སྤེལ། སྲིད་བློན་ན་རན་དྷ་ར་མོ་དྷིས་རང་གི་བློན་ཆེན་རྣམས་དང་དམག་དོན་མི་སྣ་ཁག་ཛ་དྲག་གི་ཚོགས་འདུར་བསྐོངས་ནས་པ་ཀི་སི་ཐན་ལ་རྒོལ་ལན་ཇི་ལྟར་སློག་དགོས་མིན་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོར་དམག་འཁྲུག་ཆེན་པོ་ཞིག་སློང་འདོད་མེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ད་ལྟ་ཨ་རི་དང་ཡུ་རོབ་མཉམ་འབྲེལ། རྒྱ་ནག་བཅས་ཀྱིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་རང་ཚོད་བཟུང་ནས་དམག་འཁྲུག་ཆེན་པོ་ཞིག་སློང་མི་ཉན་ཞེས་ནན་བརྗོད་བྱས་འདུག

ཉེ་ཆར་ཟླ་བ་འདིའི་ཚེས་༡༤་ཉིན་ཀ་ཤི་མིར་གྱི་པུལ་ཝ་མ་ས་གནས་སུ་རང་སྲོག་བློས་གཏོང་བ་ཞིག་གིས་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པའི་དམག་གི་རླངས་འཁོར་ལ་རྡུང་ཁ་བརྒྱབ་ནས་མི་༤༢་བསད་པ་དང་མི་༢༠་ལྷག་རྨས། པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་དྲག་སྤྱོད་ཚོགས་པས་གཏོར་རྒོལ་དེའི་ལན་ཁག་ཁས་བླངས། རྒྱ་གར་གྱིས་པ་ཀི་སི་ཐན་གཏོར་རྒོལ་དེར་ཐད་ཀར་འབྲེལ་བ་ཡོད་ཅེས་སྐྱོན་འཛུགས་བྱས་ཀྱང་པ་ཀི་སི་ཐན་གཏོར་རྒོལ་དེར་འབྲེལ་བ་ཇི་ལྟར་ཡོད་མེད་ཀྱི་ཁུངས་སྐྱེལ་ར་སྤྲོད་ཅི་ཡང་བྱས་མེད་ཅིང་། རྒྱ་གར་གཞུང་གིས་པ་ཀི་སི་ཐན་ལ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་དགོས། པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཁག་སྒོ་རྒྱག་དགོས་ཟེར་གྱི་ཡོད་ཀྱང་པ་ཀི་སི་ཐན་གྱིས་ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པ་སོགས་ནི་རང་དབང་འཐབ་རྩོད་པ་ཡིན་པ་ལས་འཇིགས་སྐུལ་རིང་ལུགས་པ་མ་རེད་ཅེས་དགག་པ་བརྒྱབ། དེས་ན་རྒྱ་གར་གྱིས་པ་ཀི་སི་ཐན་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་བ་དང་ཁ་སང་གཟའ་མིག་དམར་ཉིན་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་དྲག་སྤྱོད་པའི་བཙན་ས་ཁག་ལ་གཏོར་རྒོལ་བྱས་ཤིང་། གཟའ་ལྷག་པའི་ཉིན་པ་ཀི་སི་ཐན་གྱི་གནམ་དམག་གིས་རྒྱ་གར་ལ་རྒོལ་ལན་སློག་པ་དང་རྒྱ་གར་གྱི་གནམ་དམག་གིས་དེ་ལ་འགོག་རྒོལ་བྱས་ནས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་གཉིས་དང་པ་ཀི་སི་ཐན་གྱི་འཐབ་འཛིང་གནམ་གྲུ་གཅིག་བཅས་ཁྱོན་བསྡོམས་ཕྱོགས་གཉིས་ཀྱི་འཐབ་འཛིང་གནམ་གྲུ་༣་ལ་གཏོར་རྒོལ་ཕོག་ནས་སར་ལྷུང་། རྒྱ་གར་གྱི་མཱིག་༢༡་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་ནི་དུས་རབས་སྔོན་མའི་ལོ་རབས་༥༠་ནང་དུ་ཨུ་རུ་སུ་ནས་ཐོན་པ་དང་ལོ་རབས་༦༠་བའི་ནང་དུ་ཨུ་རུ་སུའི་གཞུང་གིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཱིག་༢༡་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཕྱིར་ཚོང་བྱས་འདུག

ད་ལྟ་པ་ཀི་སི་ཐན་དང་རྒྱ་གར་གཉིས་ཀས་ཀ་ཤི་མིར་གྱི་ཟིང་ཆ་དེ་དག་ཕྱོགས་གཉིས་ཀྱི་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་དུ་འཇུག་འདོད་མེད་ཟེར་གྱི་ཡོད་ཀྱང་པ་ཀི་སི་ཐན་གྱི་གསར་འགྱུར་ལས་ཁང་ཁག་གིས་དམག་འཁྲུག་གི་གླུ་གཞས་བཏང་བ་དང་དམག་འཁྲུག་ལ་བསྔགས་བརྗོད་བྱེད་པའི་མཆན་འགྲེལ་འབྲི་བ། པ་ཀི་སི་ཐན་གྱི་ས་གནས་གང་སར་དཀོན་མཆོག་རླབས་ཆེན་ཡིན་ཞེས་སྐད་འབོད་བྱེད་པ། རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་ཞིག་ལ་གཏོར་རྒོལ་བྱས་ནས་སར་གཡུགས་པའི་བརྙན་འཕྲིན་པ་ཀི་སི་ཐན་རྒྱལ་ཡོངས་སུ་རྒྱུན་ཆད་མེད་པར་བསྟན། རྒྱ་གར་གྱི་ས་གནས་ཁག་ཏུའང་སྲིད་བློན་མོ་དྷིར་པ་ཀི་སི་ཐན་ལ་རྒོལ་ལན་དྲག་པོ་སློག་དགོས་ཞེས་སྐད་འབོད་བྱ་རྒྱུ་འགོ་ཚུགས། ༢༠༡༩་ལོ་འདིར་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པས་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཡོད་དོ་ཅོག་གིས་པ་ཀི་སི་ཐན་ལ་རྒོལ་ལན་དྲག་པོ་སློག་དགོས། འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད་གཏོང་དགོས་ཞེས་བཤད་རྒྱུ་རྩ་དོན་ཞིག་ཏུ་བསྒྱུར་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

XS
SM
MD
LG