ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཊམ་དང་ཀིམ་གྱི་ཐུག་འཕྲད་ཐེངས་༢་པར་ཅི་ཞིག་འགྲུབ་སྲིད་དམ།


༄༅།། གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝི་ཏེ་ནམ་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་དང་། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་རེ་ལྟོས་ཆུང་དུ་བཏང་སྟེ་སྲིད་འཛིན་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་འདི་གྲུབ་འབྲས་ལྡན་པ་ཞིག་ལ་འགྱུར་ངེས་ཡིན་ཞེས་སྐད་ཆ་བཤད་སྟངས་ལ་འགྱུར་བ་བཏང་སྟེ། ཨ་རིའི་རྒྱལ་ནང་དུ་སྲིད་འཛིན་ཌོ་ནལ་ཊམ་ལ་ཆབ་སྲིད་ཀྱི་གླེང་སློང་སྣ་མང་ཞིག་ཡོད་པ་ཞི་འཇམ་གཏོང་ཐབས་དང་རྒྱལ་ནང་གི་གླེང་སློང་དེ་རྣམས་ཁ་ཕྱོགས་སྒྱུར་ཐབས་བྱེད་ཀྱི་ཡོད་ཅིང་། ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་ནི་རྒྱལ་སྤྱིའི་ཐོག་ཏུ་གསར་འགྱུར་ཆེན་པོ་ཞིག་ལ་གྱུར་ཀྱང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པ་དེར་གྲུབ་འབྲས་སྟོན་རྒྱུ་ཡོད་པ་ཞིག་ཐོན་མེད། སྔ་ལོ་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ནི་འགྲོ་བ་མི་ཡོད་དོ་ཅོག་གི་བདེ་འཇགས་ལ་ཉེན་ཀ་ཞིག་ཡིན། ང་ཚོས་བྱང་ཀོ་རི་ཡར་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་བའི་ཕར་རྒོལ་མི་བྱ་ཀ་མེད་རེད་ཅེས་བཤད་ཀྱང་ཁ་སང་གཟའ་ཉི་མའི་ཉིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེར་བྲེལ་བ་མེད། ང་ལ་བྲེལ་བ་མེད། ངས་སུ་གཅིག་ལ་བྲེལ་བ་སློང་གི་མེད། ང་ལ་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་མ་བྱས་ན་ཆོག ང་ཚོ་དེ་ལ་དགའ་མོས་བྱུང་ཡོད་ཅེས་ཨ་རིའི་མངའ་སྤྱི་ཁྱབ་རྣམས་ཕོ་བྲང་དཀར་པོར་འདུས་པའི་ལྷན་ཚོགས་ཤིག་ཏུ་བཤད། དེའི་སྔོན་གྱི་ཆུ་ཚོད་འགའ་ཞིག་གི་གོང་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཊོས་ཊར་དྲྭ་ལམ་དུ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཐུབ་བམ་ཞེས་འདྲི་ཚིག་ཅིག་བཀོད་ཡོད་པ་ལས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་གྲོས་མོལ་གཙོ་བོ་ཅི་ཞིག་བྱ་འཆར་ཡོད་མེད། ཨ་མི་རི་ཀའི་ལངས་ཕྱོགས་རྣམས་སླར་ཡང་ཀིམ་ཇུང་ཨུན་ལ་གསལ་སྟོན་བྱ་འཆར་ཡོད་མེད་ཀྱི་གནས་ཚུལ་སྤེལ་མེད་པ་རེད།།

འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཌོ་ནལ་ཊམ་གྱིས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་མ་བྱས་གོང་དུ་རང་གི་རྩ་དོན་ཐམས་ཅད་བློས་བཏང་ཟིན་ཡོད་པ་སྟེ། ཁོ་པས་ནང་དོན་ཅི་ཡང་མེད་པའི་ཕྱི་ཚུལ་གྱི་ཁ་སྟོང་པའི་རྒྱལ་ཁ་ཞིག་ལ་རེ་བ་བརྒྱབ་ནས་བྱང་ཀོ་རི་ཡར་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་མིན་པའི་རྟགས་མཚན་བསྟན་སོང་། དཔེར་ན་གཟའ་འཁོར་སྔོན་མར་ཌོ་ནལ་ཊམ་གྱིས་ང་སྲིད་འཛིན་ལ་འོས་འདེམས་བྱུང་མེད་ན་ཁྱེད་ཚོས་བྱང་ཀོ་རི་ཡར་དམག་འཁྲུག་རྒྱག་དགོས་ཐུག་ཡོད་ངེས་ཡིན། ང་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་བྱང་ཀོ་རི་ཡར་འབྲེལ་བ་ཡག་ཏུ་བཏང་ནས་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ། མེ་ཤུགས་འཕུར་མདེལ་སོགས་ཚོད་ལྟ་བྱས་མྱོང་མེད་ཅེས་བཤད་པ་རྣམས་ལུང་དྲངས། བྱང་ཀོ་རི་ཡས་ལོ་མང་རིང་དཀའ་ལས་བརྒྱབ་ནས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་ལེགས་གྲུབ་བྱུང་ཡོད་པས་ཨ་མི་རི་ཀའི་སྲིད་འཛིན་ཞིག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ལ་ཐུག་འཕྲད་གྲོས་མོལ་བྱ་དགོས་པ་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་མེད་པར་གཏོང་དགོས་པའི་རྩ་དོན་ལ་ཐུག་ཀྱང་ཌོ་ནལ་ཊམ་གྱིས་རྩ་དོན་དེ་ངོས་ཟིན་ཡོད་མེད་ནི་ཐེ་ཚོམ་གྱི་གནས་སུ་ཟད་ཅེས་གནས་ཚུལ་ཐོན་འདུག

ཀིམ་ཇུང་ཨུན་ལ་མཚོན་ན་ཨ་མི་རི་ཀའི་སྲིད་འཛིན་ཞིག་ལ་འདྲ་མཉམ་གྱི་གནས་བབ་ཐོག་ཏུ་ཐུག་འཕྲད་གྲོས་མོལ་བྱེད་ཐུབ་པ་ཁོ་ན་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཞིང་། ན་ནིང་ཕྱི་ཟླ་༦་པར་ཀིམ་ཇུང་ཨུན་དང་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་རྟགས་མཚན་ཅི་ཡང་བསྟན་མེད། བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀས་བཙན་འཛུལ་བྱ་རྒྱུ་མིན་པའི་ཁས་ལེན་བྱ་དགོས། ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱས་པའི་རྗེས་སུ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཆོག་ཅེས་བརྟན་ཚུགས་བཟུང་སྟེ་ལངས་ཕྱོགས་སོར་གང་གློད་ཀྱི་མེད་པར་བརྟེན། ཀིམ་ཇུང་ཨུན་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་དེར་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་དང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕྱོགས་གཉིས་ཀྱི་འབྲེལ་མཐུད་ཁང་རེ་འཛུགས་རྒྱུ་དང་། རིམ་བཞིན་འབྲེལ་མཐུད་ལས་ཁང་དེ་དག་དོན་གཅོད་ཁང་དུ་བསྒྱུར་རྒྱུ། དེ་ནས་དོན་གཅོད་ཁང་གཉིས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་གཞུང་ཚབ་ཁང་ལ་བསྒྱུར་དགོས་པའི་གྲོས་མཐུན་འབྱུང་སྲིད། ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་དེར་ཕྱོགས་གཉིས་ཀྱི་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུ། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་ཞི་བདེ་བརྟན་ལྷིང་གསར་པ་ཞིག་བསྐྲུན་རྒྱུ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ། ༡༩༥༠་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་སྐབས་སུ་ཤི་བའི་དམག་མི་འདས་པོ་རྣམས་ཀྱི་རུལ་ཐལ་རྣམས་ཨ་མི་རི་ཀར་ཕྱིར་སློག་བྱ་དགོས་པའི་གྲོས་མཐུན་བྱུང་། ཨ་མི་རི་ཀའི་དམག་མི་འདས་པོ་ཁག་ཅིག་གི་རུལ་ཐལ་ཨ་མི་རི་ཀར་ཕྱིར་སློག་བྱས་ཀྱང་རྩ་དོན་གཞན་པ་གསུམ་ལ་གྲུབ་འབྲས་ཅི་ཡང་ཐོན་མེད་ཅེས་ཨ་མི་རི་ཀའི་ཝིལ་སན་ཉམས་ཞིབ་ཁང་གི་ཨེ་ཤི་ཡའི་ལས་གཞིའི་འགན་འཛིན་ཨེབ་རེམ་ཌན་མཱག་གིས་བཤད་འདུག

ཟླ་བ་སྔོན་མར་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་ཨ་རིའི་གྲོས་ཚོགས་སུ་ཀིམ་ཇུང་ཨུན་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་རྟགས་མཚན་གང་ཡང་མི་འདུག་ཅེས་སྙན་སེང་ཞུས། ཨ་རིའི་རྒྱལ་སྲུང་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོམ་གཙོས་ཨ་རིའི་གཞུང་གི་མཐོ་རིམ་ལས་སྣེ་མང་པོ་ཞིག་གིས་བྱང་ཀོ་རི་ཡ་ཁ་དན་ཚིག་ལ་གནས་མི་སྲིད་ཅེས་དོགས་སློང་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་ལྷོ་ཁེ་ལི་ཧྥོ་ཎི་ཡ་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཆི་ནོ་ཡེ་ཞེས་པ་ཞིག་གིས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀར་འབྲེལ་བ་བཟང་པོ་མེད་པར་མི་རབས་གསུམ་ཙམ་འགྲོ་བཞིན་ཡོད། བྱང་ཀོ་རི་ཡས་རང་གིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་བརྩི་མེད་གཏོང་དགོས། ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆའི་སྲུང་སྐྱོབ་འོག་ཏུ་བཅུག་ཡོད་པ་ཕྱིར་འཐེན་བྱ་དགོས་ཞེས་གྲོས་གཞི་བཏོན་པར་ཌོ་ནལ་ཊམ་གྱིས་མོས་མཐུན་བྱ་སྲིད་ཅེས་བཤད། སྔ་ལོའི་ཐུག་འཕྲད་ཐེངས་དང་པོའི་རྗེས་སུ་ཌོ་ནལ་ཊམ་གྱིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ལྷོ་ཀོ་རི་ཡ་གཉིས་ལ་གྲོས་བསྡུར་མ་བྱས་པར་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་ལོ་རེའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱེད་དུ་འཇུག་པས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོ་དང་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོར་བློ་འཚབ་ཆེན་པོ་བྱུང་། ད་ཐེངས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་སོགས་ལ་གྲོས་བསྡུར་མ་བྱས་པར་རང་ཐད་དུ་ཐག་གཅོད་ཅི་ཡང་བྱ་འཆར་མེད་ཅེས་བཤད་ཀྱང་ཌོ་ནལ་ཊམ་གྱི་ཀུན་སྤྱོད་ལ་ངེས་གཏན་བྲལ། ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་ཨ་མི་རི་ཀས་བྱང་ཀོ་རི་ཡར་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཕྱིར་འཐེན་བྱ་དགོས་ཞེས་བྱང་ཀོ་རི་ཡས་ཨུ་ཚུགས་རྒྱག་རྒྱུའི་རྟགས་མཚན་གསལ་བོ་ཡོད་པས་ཌོ་ནལ་ཊམ་གྱིས་ཀྱང་དེ་ལ་མོས་མཐུན་བྱ་མི་སྲིད་པ་ཞིག་མིན་ནོ།།

XS
SM
MD
LG