ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༠༩/༢༧

ཀ་ཤི་མིར་གྱི་དྲག་ཟིང་དང་དམག་འཁྲུག་གི་ཉེན་ཀ


༄༅།། གཟའ་ཉི་མའི་ཕྱི་དྲོར་ཀ་ཤི་མིར་གྱི་ཀུལ་གྷམ་ས་གནས་སུ་ཟིང་འཁྲུག་ལངས་ནས་རྒྱ་གར་གྱི་བདེ་འཇགས་སྲུང་དམག་༢་དང་གྱེན་ལོག་པ་༣་བཅས་ཁྱོན་བསྡོམས་མི་༥་ལ་སྲོག་སྐྱོན་བྱུང་། ཉེ་ཆར་ཟླ་བ་འདིའི་ཚེས་༡༤་ཉིན་ཀ་ཤི་མིར་གྱི་པུལ་ཝ་མ་ས་ཁུལ་དུ་རང་སྲོག་བློས་གཏོང་བ་ཞིག་གིས་གཏོར་རྒོལ་བྱས་ནས་རྒྱ་གར་གྱི་བདེ་འཇགས་སྲུང་དམག་༤༢་ལ་སྲོག་སྐྱོན་དང་མི་༢༠་ལྷག་ལ་རྨས་སྐྱོན་ཕོག་ནས་བཟུང་། རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་སྡུག་ཏུ་ཕྱིན་ནས་ལྷོ་ཨེ་ཤི་ཡའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པའི་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཅིང་། གཟའ་ཉི་མའི་འཐབ་འཁྲུག་སྐབས་སུ་རྨས་སྐྱོན་ཕོག་པའི་རྒྱ་གར་གྱི་བདེ་འཇགས་སྲུང་དམག་ཨ་མན་ཐ་ཀུར་ཞེས་པ་ཞིག་གིས་འཐབ་འཁྲུག་གི་དུས་སུ་རྒྱ་གར་གྱི་ཉེན་རྟོག་པ་ཞིག་ལའང་སྲོག་སྐྱོན་ཕོག་སོང་། ད་ལྟ་མེ་མདའ་བརྒྱབ་ནས་རྒོལ་ལན་སློག་རྒྱུ་མཚམས་ཆད་ཡོད། ཟིང་འཁྲུག་ནང་དུ་བསད་པའི་གྱེན་ལོག་པ་དེ་རྣམས་པ་ཀི་སི་ཐན་གྱི་ཇཱེ་ཤི་མོ་ཧ་མེ་ཐེ་དྲག་སྤྱོད་ཚོགས་པའི་ཚོགས་མི་ཡིན་པ་དང་། མི་གཉིས་ཕྱི་རྒྱལ་བ་ཡིན་པ་ངོ་ཐག་ཆོད་ཀྱང་དྲག་སྤྱོད་པ་གཅིག་དེའི་མི་ཁོངས་གང་ཡིན་ངོ་ཐག་གསལ་བོ་ཞིག་ཆོད་མ་སོང་ཞེས་ཨལ་ཇཱེ་ཛི་ར་གསར་འགྱུར་ལས་ཁང་ལ་བཤད་འདུག

མེ་མདའ་སྒྲ་སྐད་ཐོས་པའི་རྗེས་སུ་ཀ་ཤི་མིར་གྱི་ཡུལ་མི་ཕོན་ཆེན་ཀུལ་གྷམ་ས་གནས་སུ་འདུས་ཏེ་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་ཚོར་རྒོལ་འཛིང་བྱས་ནས་ཉུང་མཐར་ཡང་མི་མང་དཀྱུས་མི་༨་ལ་རྨས་སྐྱོན་ཕོག ཀ་ཤི་མིར་གྱི་ཡུལ་མི་ཚོས་དམག་འཁྲུག་དང་ཟིང་ཆ་ལ་ཡི་ཐང་ཆད་སོང་། ང་ཚོར་སེམས་ཀྱི་ཞི་བདེ་ཡོད་པ་རྣམས་མི་གསོད་ཁྲག་སྦྱོར་གྱིས་དཀྲུགས་སོང་། ང་ཚོའི་རྣ་ལམ་དུ་མེ་མདའི་སྒྲ་སྐད་ཐོས་རྒྱུ་མཚམས་ཆད་རྒྱུ་མི་འདུག་ཅེས་ལོ་ན་༤༥་ལ་སོན་པའི་ཧྥ་ཡ་ཛི་ཨ་ཧེ་མ་ཐེ་ཟེར་པ་ཞིག་གིས་གསར་འགོད་པར་བཤད། ཀ་ཤི་མིར་གྱི་ཟིང་འཁྲུག་མང་ཆེ་བ་ནི་ས་གནས་དེའི་ལྷོ་ཕྱོགས་ཀྱི་གྲོང་གསེབ་ཁག་ཏུ་ལང་གི་ཡོད་ཅིང་། རྒྱ་གར་གཞུང་གིས་པ་ཀི་སི་ཐན་གྱིས་རང་གི་ས་ཐོག་ཏུ་གཞིས་ཚུགས་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཁག་ལ་རྒྱབ་སྐྱོར་བྱས་ནས་རྒྱ་གར་གྱི་ས་ཐོག་ཏུ་ཟིང་ཆ་སློང་གི་ཡོད་པ་དང་། ཕྱི་ཟླ་༢་པའི་ཚེས་༡༤་ཉིན་གྱི་གཏོར་རྒོལ་དེར་པ་ཀི་སི་ཐན་ཐད་ཀར་འབྲེལ་བ་ཡོད་ཅེས་སྐྱོན་འཛུགས་བྱས་ཀྱང་པ་ཀི་སི་ཐན་གྱིས་ང་ཚོ་གཏོར་རྒོལ་དེར་འབྲེལ་བ་ཡོད་པ་རྒྱ་གར་གྱི་ཁུངས་སྐྱེལ་ར་སྤྲོད་གསལ་བོ་བྱ་དགོས། ང་ཚོས་ལག་བསྟར་བྱ་རྒྱུ་ཡོད་པའི་གསང་བའི་གནས་ཚུལ་རྒྱ་གར་གྱི་མཁོ་སྤྲོད་བྱས་ན་པ་ཀི་སི་ཐན་གྱིས་ལག་ལེན་བསྟར་ཆོག གལ་སྲིད་རྒྱ་གར་གྱིས་པ་ཀི་སི་ཐན་ལ་དམག་བརྒྱབ་ནས་ཚུར་རྒོལ་བྱས་ན་པ་ཀི་སི་ཐན་གྱིས་རྒོལ་ལན་མ་སློག་ཐབས་མེད་རེད་ཅེས་སྲིད་བློན་ཨི་རམ་ཁན་གྱིས་གསར་འགོད་གསལ་བསྒྲགས་སྤེལ། འོན་ཀྱང་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་ཇཱེ་ཤི་མོ་ཧ་མེ་ཐེ་དྲག་སྤྱོད་ཚོགས་པས་པུལ་ཝ་མ་ས་གནས་ཀྱི་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་བྱས་འདུག

པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་མུ་ཤ་རབ་ཀྱིས་ཀ་ཤི་མིར་གྱི་པུལ་ཝ་མ་ས་གནས་སུ་གཏོར་རྒོལ་བྱུང་བའི་རྗེས་སུ་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་ནི་སླར་ཡང་དམག་འཁྲུག་འབྱུང་སྲིད་པའི་མཚམས་དེར་ལྷུང་འདུག པ་ཀི་སི་ཐན་གྱིས་རྒྱ་གར་ལ་རྡུལ་ཕྲན་འབར་མདེལ་གཅིག་གིས་ཕར་རྒོལ་བྱས་ན་རྒྱ་གར་གྱིས་རྡུལ་ཕྲན་འབར་མདེལ་༢༠་ཐམ་པས་རྒོལ་ལན་སློག་ནས་པ་ཀི་སི་ཐན་རྩ་མེད་གཏོང་རྒྱུ་ཉག་ཅིག་ཡིན། པ་ཀི་སི་ཐན་ལ་ངོ་མར་དམག་འཁྲུག་རྒྱག་འདོད་ཡོད་ན་རྡུལ་ཕྲན་འབར་མདེལ་༥༠་ཐམ་པས་རྒྱ་གར་ལ་ཕར་རྒོལ་བྱ་དགོས། དེ་ལྟར་བྱས་ན་རྒྱ་གར་གྱིས་པ་ཀི་སི་ཐན་ལ་རྡུལ་ཕྲན་འབར་མདེལ་༢༠་ཐམ་པས་རྒོལ་ལན་སློག་མི་ཐུབ། པ་ཀི་སི་ཐན་ལ་རྡུལ་ཕྲན་འབར་མདེལ་༥༠་ཐམ་པས་ཕར་རྒོལ་བྱ་རྒྱུའི་གྲ་སྒྲིག་ཡོད་དམ་ཞེས་ཨ་རབ་ཨི་མཱི་རེ་ཌི་མཉམ་འབྲེལ་རྒྱལ་ཁབ་ཏུ་ཚོགས་པའི་བདེ་འཇགས་ཚོགས་འདུ་ཞིག་གི་ཐོག་ཏུ་གཏམ་བཤད་དེ་བྱས་འདུག སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་ཀ་ཤི་མིར་གྱི་ཟིང་འཁྲུག་ཞོད་འཇགས་གཏོང་མ་ཐུབ་ན་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་འཁྲུག་ཅིག་ལ་འགྱུར་སྲིད་པའི་ཉེན་ཀ་ཡོད། ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པ་སོགས་ཀྱིས་ཀ་ཤི་མིར་གྱི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་ཟིང་འཁྲུག་སློང་གི་ཡོད་པ་དང་། ཁོ་ཚོས་ཀ་ཤི་མིར་གྱི་གནད་དོན་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་འཁྲུག་ཅིག་ལ་བསྒྱུར་ཐུབ་རྒྱུའི་འབད་བརྩོན་བྱེད་བཞིན་འདུག་ཅེས་གླེང་། ༡༩༨༩་ནས་ཀ་ཤི་མིར་ལ་ཟིང་འཁྲུག་ལངས་ནས་རྒྱ་གར་གྱི་དབང་སྒྱུར་ལ་ངོ་རྒོལ་བྱ་རྒྱུ་མགོ་བརྩམས། ཀ་ཤི་མིར་གྱི་ཡུལ་མི་ཚོས་རང་གི་ཡུལ་ལུང་དེ་རང་བཙན་རྒྱལ་ཁབ་ཅིག་བྱེད་པའམ། ཡང་ན་པ་ཀི་སི་ཐན་ལ་ཟླ་སྒྲིལ་བྱ་དགོས་པའི་མངོན་འདོད་འཆང་ཡོད་པ་དང་། པ་ཀི་སི་ཐན་གྱིས་ཀ་ཤི་མིར་མི་དམངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་ལྟར་རང་ཐག་རང་གཅོད་ཀྱི་མང་མོས་འོས་འདེམས་བྱེད་དུ་འཇུག་དགོས་ཟེར་གྱི་ཡོད་ཀྱང་རྒྱ་གར་གྱིས་ཀ་ཤི་མིར་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་ཆོག ཀ་ཤི་མིར་རྒྱ་གར་གྱི་མཁའ་ཁོངས་སུ་ཁ་བྲལ་ལོགས་སུ་འགྲོ་རུ་འཇུག་ཐུབ་ཐབས་མེད་ཅེས་དགག་པ་བརྒྱབ།།

ད་ལྟ་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་ཁ་བྲལ་རིང་ལུགས་པའི་འགོ་ཁྲིད་ཚོར་དྲག་གནོན་བྱ་རྒྱུ་འགོ་ཚུགས་ཡོད་པ་སྟེ། འདས་པའི་ཉི་མ་༢་ཀྱི་རིང་ལ་ཉུང་མཐའ་ཡང་མི་༡༥༠་ཡས་མས་ཤིག་འཛིན་བཟུང་བྱས་ཡོད་པས་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཀ་ཤི་མིར་གྱི་ས་གནས་ཡོངས་སུ་ལས་མཚམས་བཞག་པ་དང་ཚོང་ལས་སྒོ་བརྒྱབ་ནས་ངོ་རྒོལ་བྱས་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྔ་ལོ་གཅིག་པུར་ཀ་ཤི་མིར་གྱི་ས་གནས་ཁག་ཏུ་མི་༥༠༠་ལྷག་ལ་སྲོག་སྐྱོན་ཕོག་འདུག ཟླ་བ་འདིའི་ཚེས་༡༨་ཉིན་རྒྱ་གར་གྱི་དམག་༥་དང་གྱེན་ལོག་པ་༣་བཅས་མི་༨་ལ་སྲོག་སྐྱོན་ཕོག་སོང་། འདས་པའི་ལོ་༢་ཀྱི་རིང་དེར་ཀ་ཤི་མིར་གྱི་གྱེན་ལོག་པ་༣༧་དང་རྒྱ་གར་གྱི་བདེ་འཇགས་སྲུང་དམག་༥༠་ཐམ་པར་སྲོག་སྐྱོན་ཕོག་འདུག་ཅེས་སྙན་ཐོ་བཏོན། གཟའ་སྤེན་པའི་ཉིན་རྒྱ་གར་གཞུང་གིས་འཕྲལ་དུ་ཀ་ཤི་མིར་ལ་དྲག་ཆས་ཉེན་རྟོག་པ་༡༠༠༠༠་ཁ་སྣོན་བཏང་སྟེ་ཀ་ཤི་མིར་ནི་འཛམ་གླིང་གི་དམག་དཔུང་ཆེས་མང་བའི་ས་ཁུལ་ཞིག་ཏུ་གྱུར། ཀ་ཤི་མིར་གྱི་གྱེན་ལོག་ཟིང་འཁྲུག་དང་རྒྱ་གར་གྱི་དྲག་གནོན་ནི་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་དམག་འཁྲུག་ཅིག་ལ་འགྱུར་སྲིད། ༡༩༤༧་ལོར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་རང་བཙན་ཐོབ་པའི་རྗེས་སུ་ཀ་ཤི་མིར་བརྩད་ནས་དམག་འཁྲུག་ཐེངས་གསུམ་བརྒྱབ་མྱོང་ཡོད་པ་རེད།།

XS
SM
MD
LG