ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མའོ་ཙེ་ཏུང་གི་དྲུང་ཡིག་འདས་པོ་ལི་རུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་འདས་པོ་མའོ་ཙེ་ཏུང་གི་དྲུང་ཡིག་ཟུར་པ་ལི་རུས་ལོ་གྲངས་༡༠༡་ལ་འཚོ་གནས་བྱས་ནས་གྲོངས། ཁོ་པ་འཚོ་གནས་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་མའོ་ཙེ་ཏུང་ལ་ལོ་མང་རིང་དྲུང་ཡིག་གི་སྲི་ཞུ་བསྒྲུབས་ཀྱང་མི་དེས་རང་ཚུགས་མ་ཤོར་པར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་ཁག་ལ་སྐྱོན་བརྗོད་དྲག་པོ་བྱས་ནས་རྩོད་གཞི་ཅན་གྱི་མི་ཞིག་ཏུ་གྱུར། ཐ་ན་ལི་རུས་འདས་གྲོངས་སུ་གྱུར་པའི་རྗེས་སུའང་རྩོད་གཞི་དེ་ཉིད་མཚམས་ཆོད་མེད་པ་སྟེ། གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ལི་རུས་ཀྱི་ཕུང་པོའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་བཀབ་སྟེ་ཏང་གི་མཐོ་རིམ་འགོ་ཁྲིད་ཚོ་ཞུགས་འབུལ་བྱ་ཡུལ་པ་པའོ་ཧྲན་དུ་ཕུང་འཇུག་མཛད་སྒོ་ཚོགས། འདས་པོ་དེའི་རྒྱབ་སྐྱོར་པ་དང་བུ་མོ་སོགས་ཀྱིས་རྒྱ་ནག་གཞུང་གིས་ལི་རུས་ཀྱི་ཕུང་པོའི་ཐོག་ཏུ་རྒྱ་ནག་དམར་ཤོག་གི་དར་ཆ་དགབ་མི་ཆོག ཕུང་པོ་པ་པའོ་ཧྲན་དུ་ཞུགས་འབུལ་བྱ་མི་དགོས། ལི་རུས་འཚོ་གནས་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པར་ཞེན་པ་གཏིང་ནས་ལོག་ཡོད། ཁོ་པས་རང་ཉིད་འདས་རྗེས་སུ་ཕུང་པོའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་དགབ་མི་དགོས། ཕུང་པོ་ཡང་པ་པའོ་ཧྲན་དུ་ཞུགས་འབུལ་བྱ་མི་དགོས་ཞེས་ཁ་ཆེམས་བཞག་སོང་། རྒྱ་ནག་གཞུང་གིས་འདས་པོའི་ཁ་ཆེམས་ལ་བརྩི་འཇོག་བྱ་དགོས་ཞེས་བསྒྲགས།།

ཕྱི་ཟླ་༢་ཚེས་༢༠་ཉིན་རྒྱ་ནག་གི་མི་མང་དཀྱུས་མ་བརྒྱ་ཕྲག་འགའ་ཞིག་པེ་ཅིང་ལ་འདུས་ནས་ལི་རུས་ལ་མཐའ་མའི་གྱེས་བྲལ་ཞུས། ཁོ་ཚོས་ལི་རུས་ནི་རྒྱ་ནག་དམར་ཤོག་ཚོགས་པར་གྱེན་ལོག་པ་ཞིག་ཡིན། ཁོ་པ་གྲོངས་ཁ་དེར་ཡང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལམ་ལུགས་ལ་ངོ་རྒོལ་བྱས་སོང་ཟེར་གྱི་ཡོད་པར་མ་ཟད། ལི་རུས་ཀྱི་བུ་མོ་ལི་ནན་དབྱང་ནི་པ་པའོ་ཧྲན་གྱི་ཞུགས་འབུལ་མཛད་སྒོ་ལའང་མཉམ་ཞུགས་བྱས་མེད་ཅིང་། ཁོ་མོས་ངའི་ཨ་ཕར་རྒྱ་ནག་དམར་ཤོག་གི་གཞུང་འབྲེལ་ཕུང་འཇུག་མཛད་སྒོ་འཚོགས་མི་དགོས། ཁོང་ལ་དམར་ཤོག་གི་མཚོན་དོན་ཡོད་པའི་བསྟོད་བསྔགས་འཐེན་མི་དགོས། ལི་རུས་ནི་མི་ཚེ་ཧྲིལ་བོར་རྒྱ་ནག་དམར་ཤོག་ཚོགས་པར་བློ་གཅིག་སེམས་གཅིག་རེད་ཅེས་རྫུན་བཤད་མི་དགོས། ཁོ་པར་ལི་རུས་འབའ་ཞིག་གི་མིང་ཐོག་ཏུ་རྗེས་དྲན་བྱས་ན་ཆོག རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་བློན་ཆེན་རིམ་པའི་གོ་གནས་ཡོད་པ་ཞིག་གི་ངོ་བོའི་ཐོག་ཏུ་རྗེས་དྲན་བྱ་མི་དགོས། འདི་ནི་ངའི་ཨ་ཕ་འདས་པོའི་ཁ་ཆེམས་ཡིན་ཞེས་ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེ་ནས་ཁ་པར་བཏང་སྟེ་གསར་འགོད་པར་འགྲེལ་བཤད་བརྒྱབ། དེང་སྐབས་ལི་ནན་དབྱང་ཨ་མི་རི་ཀར་གཏན་སྡོད་བྱེད་འདུག

ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པས་ལི་ནན་དབྱང་ལ་གླེང་མོལ་བྱས་པ་ལྟར་ན་ལི་རུས་མ་གྲོངས་གོང་དེར་ཉེ་དུ་ཚོར་ང་ཤི་བའི་རྗེས་སུ་རོ་སྒོམ་ནང་དུ་བསྙལ་ནས་ཕུང་པོའི་ཐོག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་དགབ་ཏུ་མ་འཇུག ང་ནི་ལྷག་བསམ་རྣམ་དག་གི་མར་ཁེ་སི་རིང་ལུགས་པ་ཞིག་རེད་ཅེས་རྗེས་དྲན་དང་བསྟོད་བསྔགས། གཞུང་འབྲེལ་གྱི་མཛད་སྒོ་སོགས་འཚོག་ཏུ་འཇུག་མི་དགོས་ཞེས་ཁ་ཆེམས་བཞག་སོང་། ངའི་ཨ་ཕས་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་དེར་དགག་པ་རྒྱག་གི་ཡོད། དེ་ནི་ཁོ་པ་རྒྱ་ནག་དམར་ཤོག་ཚོགས་པར་མོས་མཐུན་མེད་པའི་རྟགས་མཚན་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་དེས་མིའི་བསམ་བློར་དབང་སྒྱུར་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་བཤད་ཀྱང་རྒྱ་ནག་གཞུང་གིས་ལི་རུས་ལ་གཞུང་འབྲེལ་གྱི་ཕུང་འཇུག་མཛད་སྒོ་ཚོགས་པ་དང་ཕུང་པོའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་བཀབ། ཁོ་པའི་ཕུང་པོ་པ་པའོ་ཧྲན་དུ་ཞུགས་འབུལ་བྱས་འདུག

ལི་རུས་ཀྱི་ཕུང་འཇུག་མཛད་སྒོར་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཡོང་དུ་བཅུག་མེད་ཅིང་། ལི་རུས་ལ་མྱ་ངན་བྱེད་མཁན་ཚོས་འདས་པོ་དེའི་ཕུང་པོའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་བཀབ་འདུག་ཅེས་བཤད། ཝུ་ཝེ་ཞེས་པའི་ལི་རུས་ཀྱི་ངོ་ཤེས་ཤིག་དང་ཁྱིམ་ཚང་དེར་འབྲེལ་བ་ཡོད་པའི་མི་ཞིག་གིས་འདས་པོ་དེའི་ཆུང་མ་དང་བཟའ་མི་གཞན་ཚོས་ལི་རུས་ཀྱིས་རང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ལམ་སྲོལ་དང་མཐུན་པའི་ཕུང་འཇུག་མཛད་སྒོ་འཚོག་རྒྱུ་དེར་དགག་པ་ཡོད་པའི་ཁ་ཆེམས་བཞག་མ་སོང་ཟེར། དེས་ན་ཁོ་པར་གཞུང་འབྲེལ་གྱི་ཕུང་འཇུག་མཛད་སྒོ་ཚོགས་པ་ནི་བུ་མོ་ལི་ནན་དབྱང་གིས་བཤད་པ་ལྟར་འདས་པོའི་ཁ་ཆེམས་ལ་རྒྱབ་འགལ་བྱས་པ་ཞིག་མིན་པ་འདྲ་ཞེས་བཀྲལ། ལི་རུས་ཀྱི་ཆུང་མ་ཀྲང་ཡུ་ཀྲེན་གྱིས་མི་ནི་ཤི་ཟིན། ད་སྟེ་འདས་པོ་ཞི་བའི་དབྱིངས་སུ་ལབ་གླེང་མེད་པར་གཟིམ་དུ་ཆུགས་ཞེས་རྒྱབ་སྐྱོར་པ་དང་མྱ་ངན་བྱེད་མཁན་ཚོར་ཡིག་ཆུང་ཞིག་བཀྲམ་ནས་འབོད་སྐུལ་ཞུས། རྒྱ་ནག་གི་རང་དབང་འཐབ་རྩོད་པ་ཚོས་ལི་རུས་ཀྱི་ཕུང་འཇུག་མཛད་སྒོ་དེ་རྒྱ་ནག་ལ་དམངས་གཙོ་དར་སྤེལ་གྱི་གོ་སྐབས་ཤིག་ཏུ་དམ་འཛིན་བྱས་འདུག

ལི་རུས་ནི་༡༩༣༧་ལོར་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས། ལོ་རབས་༥༠་པའི་ནང་དུ་མའོ་ཙེ་ཏུང་གི་དྲུང་ཡིག་ལ་བསྐོས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་འཁོར་དུ་ཚུད་ཀྱང་ཕྱིས་སུ་གནས་དབྱུང་བཏང་ནས་བཙོན་འཇུག་དང་རྡུང་རྡེག་ཕོག་སྟེ་ལོ་བཅུ་ཕྲག་མང་པོར་སྡུག་བསྔལ་མྱངས། ༡༩༧༦་ལོར་མའོ་ཙེ་ཏུང་འདས་གྲོངས་སུ་གྱུར་པ་དང་རྒྱ་ནག་ལ་རིག་གནས་གསར་བརྗེ་མཇུག་བསྒྲིལ་པའི་རྗེས་སུ་ལི་རུས་སླར་ཡང་སྲིད་གཞུང་གི་ཁོངས་སུ་ལས་བཅར་ཞུས། འོན་ཀྱང་ཁོ་པས་རྒྱ་ནག་དམར་ཤོག་ཚོགས་པའི་ནོར་འཁྲུལ་ཁག་ལ་སྐྱོན་བརྗོད་བྱ་རྒྱུ་མཚམས་མ་བཞག་པ་དང་རྒྱ་ནག་པ་མང་པོ་ཞིག་གིས་ལི་རུས་ནི་སྒྱུར་བཅོས་རིང་ལུགས་པ་ཞིག་རེད་ཅེས་བསྔགས་པ་བརྗོད། ཐོག་མར་ལི་རུས་ཀྱིས་སྲིད་འཛིན་ཞིས་ཅིན་ཕིང་ནི་འགོ་ཁྲིད་བཏང་སྙོམས་ཅན་ཞིག་ཏུ་འགྱུར་རྒྱུའི་རེ་བ་འཆང་རུང་ཞིས་ཅིན་ཕིང་གིས་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་སྲ་བརྟན་བཏང་བར་ལི་རུས་ཀྱིས་ཁ་རྡུང་དྲག་པོ་བཏང་ཡོད་སྐད། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ལི་རུས་འདས་གྲོངས་སུ་གྱུར་ཀྱང་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ལས་ཁང་ཁག་གིས་གསར་བརྗེ་བ་རྒན་རབས་ཤིག་མེད་པར་གྱུར་པ་ཁྱབ་བསྒྲགས་བྱས་མེད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་མའོ་ཙེ་ཏུང་ལ་སྐྱོན་བརྗོད་བྱ་རྒྱུ་འགོག་ཐབས་དང་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱ་རྒྱུ་འགོག་གི་ཡོད། འོན་ཀྱང་ལི་རུས་ཀྱིས་ལོ་༨༠་ལྷག་ལ་ཉར་འཇོག་བྱས་པའི་ཉིན་ཐོ་དང་ཡིག་ཆ་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་མ་བྱས་པར་ཨ་མི་རི་ཀའི་སི་ཊན་ཧྥོར་ཌི་སློབ་གྲྭ་ཆེན་མོའི་ཧུ་ཝྭར་ཞིབ་འཇུག་ཁང་ལ་སྤྲད་ཡོད་པས་འཛམ་གླིང་གི་མཁས་པ་ཚོར་ལི་རུས་ཀྱི་ཡིག་ཆ་དེ་ཚོར་ཞིབ་འཇུག་བྱེད་ཐུབ་པའི་གོ་སྐབས་ཤིག་བསྐྲུན།།

ལི་རུས་ལ་མྱ་ངན་བྱེད་མཁན་གྲས་སུ་གོམ་ཁ་འཁྱོར་ནས་འགྲོ་བའམ། ཡང་ན་རྐང་པ་བཙུགས་ནས་ལངས་མི་ཐུབ་པར་རྐུབ་བཀྱག་འཁོར་ལོའི་ནང་དུ་བསྡད་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་ཚོ་དང་། སྐྲ་ལོ་དཀར་པོར་འགྱུར་བཞིན་པའི་རྒྱ་ནག་དམར་ཤོག་གི་གསར་བརྗེ་བ་འདས་པོ་རྣམས་ཀྱི་བུ་དང་བུ་མོ་རྣམས། རྒྱ་ནག་གི་ལོ་རྒྱུས་མཁས་པ་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ། ལི་རུའི་གཏན་ནས་ངོ་མི་ཤེས་ཀྱང་འདས་པོ་དེས་རྒྱ་ནག་དམར་ཤོག་ཚོགས་པ་དང་མའོ་ཙེ་ཏུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་ནས་རྒྱུས་ཡོད་དུ་གྱུར་པའི་མི་དམངས་དཀྱུས་མ་བཅས་འདུས། དཔེར་ན་ལོ་ན་༧༠་ལྷག་ལ་སོན་པའི་ཧྲེང་ལེང་ཆི་ཞེས་པའི་བགྲེས་ཡོལ་ལས་རྩོལ་བ་ཞིག་གིས་ང་ནི་ལི་རུས་ལ་གཏན་ནས་ཐུག་མྱོང་མེད། ཡིན་ནའང་དམ་པ་དེར་རྒྱ་ནག་དམར་ཤོག་ཚོགས་པ་དང་མའོ་ཙེ་ཏུང་ལ་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྩོམ་ཡིག་འབྲི་ཐུབ་པའི་སྙིང་སྟོབས་ལྡན་པར་རྗེས་སུ་ཡི་རངས་ཡོད་ཅེས་གུས་ཞབས་ཞུས། ཁོ་པའི་ལག་ཏུ་ཡིག་བྱང་ཞིག་ཐོགས་ཡོད་པ་དེའི་ཐོག་ལི་རུས་ཀྱི་མིང་ནི་རྟག་བརྟན་དུ་འགྱུར་བར་ངེས། མི་དམངས་ལ་མིག་རྣོན་པོ་དང་བསམ་བློ་གསལ་བོ་ཡོད་ཅེས་བཀོད། མི་ཁ་ཤས་ཀྱིས་ལི་རུའི་ནི་རང་དབང་གི་བསམ་བློ་བ་དང་མའོ་ཙེ་ཏུང་ལ་གྱེན་རྒོལ་ཐུབ་པ། རྒྱ་ནག་གི་མཆོང་སྐྱོད་ཆེན་མོའི་ལས་འགུལ་ལ་སྐྱོན་བརྗོད་བྱེད་ཕོད་པ་དང་མའོ་ཙེ་ཏུང་གི་རྗེས་འཇུག་པ་ཚོར་རྒྱ་ནག་གུ་ཡངས་ཀྱི་ལམ་དུ་འགོད་དགོས་པའི་སྐུལ་ལྕག་གཏོང་མཁན་ཞིག་ཡིན་ཞེས་བསྔགས་བརྗོད་བྱས་ཀྱང་རྒྱ་ནག་གི་ཉེན་རྟོག་པ་དང་གཞུང་འབྲེལ་མི་སྣ་ཚོས་ཕྱི་རྒྱལ་གསར་འགོད་པ་རྣམས་བཀག་འགོག ལི་རུས་ཀྱི་ཕུང་འཇུག་མཛད་སྒོའི་དུས་སུ་ཟིང་ཆ་མི་འབྱུང་བའི་དོགས་ཟོན་བྱས་སོ།།

XS
SM
MD
LG