རྒྱ་ནག་གཞུང་གིས་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་དུས་སྐབས་ཏེ། གསུམ་བཅུའི་དུས་དྲན་གྱི་སྔ་རོལ་དུ་བོད་ལ་ཕྱི་མི་འགྲོ་སྐྱོད་བཀག་སྡོམ་བྱེད་ཀྱི་ཡོད་པ་ལྟར་ད་ལོ་ཡང་ཆབ་སྲིད་ཀྱི་ཚོར་སྣང་ཧ་ཅང་སྐྱེན་པའི་དུས་ཚོད་དེའི་རིང་ལ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་དབྱེ་བགོ་བྱས་པའི་བོད་ཀྱི་ས་ཁུལ་དུ་འགྲོ་སྐྱོད་བཀག་སྡོམ་ཆེད་དུ་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཁག་ལ་ཕྱི་ཟླ་༤་པའི་ཚེས་༡་བར་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོར་ཐོངས་མཆན་སྤྲོད་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་རེད།།
དེ་ཡང་མཉམ་འབྲེལ་གསར་ཁང་གིས་ཕྱི་ཟླ་༢་པའི་ཚེས་༢༠་ཉིན་མོར་རྒྱ་ནག་གི་ ཁྲེན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་བོད་ལྗོངས་གཞོན་ནུའི་རྒྱལ་སྤྱིའི་ཡུལ་སྐོར་ཞབས་འདེབས་ཟེར་བ་དང་བོད་ཡུལ་གྱི་འཆར་སྣང་ཟེར་བའི་ཡུལ་སྐོར་ལས་ ཁུངས་ཀྱི་དྲྭ་རྒྱ་དང་ལས་བྱེད་སོགས་ལ་ཕྱི་ཟླ་༤་པའི་ཚེས་༡་བར་དུ་བོད་རང་སྐྱོང་ལྗོངས་སུ་འགྲོ་སྐྱོད་ཀྱི་ཐོངས་ཆན་སྤྲོད་མི་ཆོག་ཅེས་གཞུང་གི་བརྡ་ཁྱབ་འབྱོར་ཡོད་པ་ར་སྤྲོད་ཐུབ་ཀྱང་ལས་བྱེད་པ་ཚོས་དངོས་སུ་མིང་འདོན་གྱིས་འགྲེལ་བརྗོད་བྱེད་ཕོད་ཀྱི་མེད་པ་སོགས་གནས་ཚུལ་སྤེལ་འདུག
ད་ལོའི་གསུམ་བཅུའི་དུས་དྲན་ནི་༡༩༥༩་ལོའི་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་བོད་ མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱི་རང་དབང་སྒེར་ལངས་བྱས་ནས་ལོ་དྲུག་བཅུ་ཧྲིལ་བོ་འཁོར་བ་དང་། ༢༠༠༨་ལོའི་ཕྱི་ཟླ་༣་པའི་༡༠་ཉིན་མོར་རྒྱལ་ས་ལྷ་ས་ནས་འགོ་འཛུགས་ཀྱིས་བོད་ས་ཡོངས་རྫོགས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་ས་བྱིའི་ཞི་རྒོལ་ཆེན་མོ་ལངས་པའི་དུས་དྲན་སོགས་སླེབས་ཀྱི་ཡོད་པས་ཆབ་སྲིད་ཀྱི་ཚོར་སྣང་སྐྱེན་པའི་དུས་ཚོད་དེར་རྒྱ་ནག་གཞུང་གིས་བོད་ལ་ངོ་རྒོལ་དང་ཟང་ཟིང་གི་གནས་ཚུལ་འབྱུང་སྲིད་པར་ཞེད་སྣང་བྱེད་ཀྱི་ཡོད་ཅིང་། སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་གསུམ་བཅུའི་དུས་དྲན་སྐབས་སུ་བོད་ལ་འགྲོ་སྐྱོད་བཀག་འགོག་དང་དམ་དྲག་བྱེད་ཀྱི་ཡོད་ཀྱང་ད་ལོ་བོད་ས་ བཟུང་ནས་ལོ་༦༠་ཧྲིལ་བོ་འཁོར་གྱི་ཡོད་པས་རྒྱ་ནག་གཞུང་གིས་བོད་ནང་དུ་ བདེ་འཇགས་ཐད་དུ་ཧ་ཅང་གི་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་གསར་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ་སོགས་བོད་ནང་དུ་འགྲོ་སྐྱོད་བྱ་རྒྱུ་བཀག་སྡོམ་བྱས་ནས་བོད་ལྗོངས་ཡོངས་རྫོགས་སྒོ་བརྒྱབ་པ་ཞིག་ཆགས་ཡོད་པ་དང་བོད་ནང་གི་གནས་སྟངས་དངོས་ཕྱི་ནས་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཆགས་འདུག་ཅེས་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་དེའི་ནང་དུ་བཀོད་འདུག
ད་ལོ་ཕྱི་ལོ་༢༠༡༩་ལོ་ནི་༡༩༥༩་ལོའི་བོད་མིའི་རང་དབང་སྒེར་ལངས་བྱུང་ནས་་ལོ་༦༠་འཁོར་བ་དང་རྒྱ་ནག་གུང་ཁྲན་ཏང་དམར་ཤོག་གི་སྲིད་གཞུང་བཙུགས་ནས་ལོ་༧༠་འཁོར་གྱི་ཡོད་པ་སོགས་དམིགས་གསལ་གྱི་དུས་ཚིགས་ཤིག་ཁེལ་གྱི་ཡོད་སྟབས་སྔར་ལས་ལྷག་པའི་དམ་དྲག་བྱ་སྲིད་པར་མི་མང་པོས་བློ་འཚབ་བྱེད་ཀྱི་ཡོད་པ་རེད། ད་རེས་རྒྱ་ནག་གཞུང་གིས་བསྐྱར་དུ་བོད་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་གསར་ འགོད་པ། ཕྱི་འབྲེལ་མི་སྣ་སོགས་འགྲོ་སྐྱོད་བཀག་འགོག་བྱས་པ་ནི་ཨ་རིའི་ གཞུང་གིས་ཨ་རིས་རྒྱ་ནག་གི་ཡུལ་མི་དང་གསར་འགོད་པ། ཕྱི་འབྲེལ་མི་སྣ་སོགས་ཨ་རིའི་ནང་དུ་ཡོང་ཆོག་པའི་ཐོངས་མཆན་ལ་བཀག་འགོག་མེད་པར་སྤྲོད་ཀྱི་ཡོད་པ་ཇི་བཞིན་བོད་པ་ཚུད་པའི་ཨ་རིའི་སྤྱི་དམངས་དང་གསར་འགོད་པ། ཕྱི་འབྲེལ་མི་སྣ་སོགས་ཀྱང་བོད་དུ་འགྲོ་སྐྱོད་བྱེད་པར་ཐོབ་ཐང་འདྲ་མཉམ་དགོས་པའི་གལ་ཆེའི་གྲོས་ཆོད་ཅིག་བཞག་ཡོད་པར་མ་ལྟོས་པར་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར་བོད་ལ་འགྲོ་སྐྱོད་བཀག་འགོག་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད།།