ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སོ་ཌི་ཨ་རེ་བྷི་ཡ་དང་ཨ་རིའི་རྡུལ་ཕྲན་འཕྲུལ་རིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

​༄༅།། ཨ་མི་རི་ཀའི་བདེ་འཇགས་ཉམས་ཞིབ་པ་མང་པོ་ཞིག་གིས་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་གྱི་འཕྲུལ་རིག་ལག་རྩལ་བཙོངས་ན་རྡུལ་ཕྲན་མཚོན་ཆ་བཟོ་སྲིད། སོ་ཌི་ཨ་རེ་བྷི་ཡས་རྡུལ་ཕྲན་མཚོན་ཆ་བཟོས་ན་ཨི་རན་གྱིས་ཀྱང་རྡུལ་ཕྲན་མཚོན་ཆ་བཟོས་ནས་དཀྱིལ་ཤར་ས་ཁུལ་ལ་རྡུལ་ཕྲན་མཚོན་ཆའི་འགྲན་སྡུར་གསར་པ་ཞིག་ཚུགས་སྲིད་ཅེས་ཉེན་བརྡ་བཏང་ཡོད་ཅིང་། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཚོར་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་མོ་ཧ་མེ་ཐེ་བྷིན་སལ་མན་ནི་མི་ཁྲིམས་མེད་ལུགས་མེད་ཅིག་ཡིན་པ་དང་ཁོ་པ་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་འཇའ་མལ་ཁ་ཤོ་ཇཱི་ལྐོག་གསོད་བྱས་པར་འབྲེལ་བ་ཡོད་པ། ད་དུང་ཡེ་མན་གྱི་ནང་འཁྲུག་ལ་སོ་ཌི་ཨ་རེ་བྷི་ཡས་ཐེ་གཏོགས་བྱས་ནས་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་ཡོད་པ་བཅས་ལ་བསམ་ཞིབ་ཀྱིས་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་ཀྱི་ལག་ཏུ་རྡུལ་ཕྲན་མཚོན་ཆ་འཆོར་ན་ཉེན་ཀ་ཡོད་པའི་བློ་འཚབ་ཆེ་ཞེས་བཤད།།

ཐོག་མར་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་ཡོངས་སློབ་སྟོན་པ་མེ་ཁེལ་ཧྥི་ལིན་གྱིས་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་གྱི་འཕྲུལ་རིག་ལག་རྩལ་བཙོང་དགོས་པའི་གྲོས་གཞི་བཏོན། མེ་ཁེལ་ཧྥི་ལིན་ཉི་མ་འགའ་ཞིག་གི་རྗེས་སུ་གནས་དབྱུང་བཏང་རུང་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་གཞན་ཚོས་ཚོང་ལས་ཀྱི་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། ཉེ་ཆར་ཟླ་བ་འདིའི་ཚེས་༡༢་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་རྡུལ་ཕྲན་བཟོ་ཚོང་ཁང་ཆེ་ཁག་གི་སྐུ་ཚབ་ཚོར་ཐུག་འཕྲད་བྱས་ཏེ་ཨ་མི་རི་ཀའི་བཟོ་ཚོང་ཁང་དེ་དག་གིས་འཇོར་ཌན་དང་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་ལས་གྲྭ་འཛུགས་སྐྲུན་བྱེད་ཆོག་པའི་གྲོས་གཞི་བཏོན། སྲིད་འཛིན་ཌོ་ནལ་ཊམ་གྱི་ཁྲི་སྟོན་མཛད་སྒོར་ཨ་སྒོར་དུང་ཕྱུར་༡་དང་ས་ཡ་༧་འདུ་འགོད་བྱེད་མཁན་ཐོ་མ་སི་བྷ་རག་གིས་གྲོས་གཞི་དེར་རྒྱབ་སྐྱོར་བྱས་ནས་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཚོར་སྐུལ་ལྕག་བཏང་ཡོད་པའི་གནས་ཚུལ་ཐོན། སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར་གྱི་བཟོ་ཚོང་ལས་ཁང་ལའང་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ཡོད་སྐད།།

དེར་བརྟེན་ཨ་རིའི་གཞུང་གི་ལས་བྱེད་པ་མང་པོ་ཞིག་གིས་གྲོས་ཚོགས་ལ་སྲིད་འཛིན་ཌོ་ནལ་ཊམ་དང་བཟའ་འཁོར་ཚོས་སྒེར་གྱི་ཁེ་ཕན་ཆེད་དུ་ཨ་རིའི་ཁྲིམས་ལ་འགལ་འཛོལ་བྱེད་ཀྱི་ཡོད་པའི་རྟགས་མཚན་མང་པོ་འདུག ཨ་རིའི་གྲོས་ཚོགས་ཀྱི་སྲིད་གཞུང་ལྟ་རྟོག་ཚོགས་ཆུང་གིས་སྲིད་འཛིན་ཌོ་ནལ་ཊམ་དང་ཨ་མི་རི་ཀའི་རྡུལ་ཕྲན་བཟོ་ཚོང་ཁང་དེ་དག་གིས་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་ལས་གྲྭ་འཛུགས་སྐྲུན་བྱ་འཆར་ཡོད་མེད་ཞིབ་འཇུག་བྱ་དགོས་ཞེས་སྙན་ཞུ་ཕུལ། ཨ་རིའི་གྲོས་ཚོགས་ཀྱི་སྲིད་གཞུང་ལྟ་རྟོག་ཚོགས་པའི་ཚོགས་གཙོ་ཨ་ལི་ཡ་ཁུ་མིང་སི་ཡིས་ཕོ་བྲང་དཀར་པོར་ཡི་གེ་བཏང་སྟེ་ཨ་མི་རི་ཀའི་རྡུལ་ཕྲན་བཟོ་ཚོང་ལས་ཁང་ཁག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་ལས་གྲྭ་འཛུགས་ཆོག་པའི་བཀའ་འཁྲོལ་ཞུས་ཡོད་མེད་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་བརྡ་བརྒྱབ། ཨ་མི་རི་ཀའི་རྡུལ་ཕྲན་བཟོ་ཚོང་ལས་ཁང་དེ་དག་གིས་༢༠༡༦་དང་༢༠༡༧་སོ་སོར་སྲིད་འཛིན་ཌོ་ནལ་ཊམ་ལ་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་ལས་གྲྭ་འཛུགས་སྐྲུན་བྱེད་དུ་འཇུག་དགོས་ཞེས་འབོད་སྐུལ་ཞུས། སྲིད་འཛིན་ཌོ་ནལ་ཊམ་གྱི་མཐོ་རིམ་ལས་སྣེ་ཁག་ཅིག་སྔོན་ཆད་ཨ་མི་རི་ཀའི་རྡུལ་ཕྲན་བཟོ་ཚོང་ལས་ཁང་དེ་དག་གི་སློབ་སྟོན་པ་ཡིན་པའམ། ཡང་ན་ཁོ་ཚོ་མང་པོ་ཞིག་སྲིད་འཛིན་ཌོ་ནལ་ཊམ་ལ་དཔལ་འབྱོར་འདུ་འགོད་བྱེད་མཁན་རྒྱབ་སྐྱོར་པ་ཡིན་པ་དང་། སྲིད་འཛིན་ཌོ་ནལ་ཊམ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་མཁན་རྣམས་ཨ་མི་རི་ཀའི་རྡུལ་ཕྲན་བཟོ་ཚོང་ཁང་ཁག་ལ་འབྲེལ་བ་འདུག

ཨ་རིའི་གྲོས་ཚོགས་ཀྱི་སྲིད་གཞུང་ལྟ་རྟོག་ཚོགས་པས་ཕོ་བྲང་དཀར་པོའི་སློབ་སྟོན་པ་དང་མཐོ་རིམ་ལས་སྣེ་ཁག ཨ་མི་རི་ཀའི་རྡུལ་ཕྲན་བཟོ་ཚོང་ལས་ཁང་ཁག་གིས་དཀྱིལ་ཤར་ས་ཁུལ་དུ་རྡུལ་ཕྲན་ལས་གྲྭ་འཛུགས་དགོས་ཞེས་ཡིག་འབྲེལ་བྱུང་བ་དང་ཁ་པར་བཏང་བ། གློག་འཕྲིན་བཏང་བ་རྣམས་གྲོས་ཚོགས་ལ་སྤྲོད་དགོས་པའི་བཀའ་བཏང་ཡོད་ཅིང་། གྲོས་ཚོགས་ལ་བརྡ་ལན་སྐྱེལ་མཁན་ཚོས་ཕོ་བྲང་དཀར་པོའི་ནང་ཁུལ་དུ་ལས་དོན་ཚགས་ཚུགས་མེད་པ་དང་ཟིང་ཆ་ཆེ་བ། ལས་དོན་ཚུལ་བཞིན་འགྲུབ་ཀྱི་མེད་དང་ཕན་ཚུན་རྒྱབ་བཤད་རྒྱག་གི་ཡོད་པ། སྲིད་འཛིན་ཌོ་ནལ་ཊམ་གྱིས་བསྐོ་བཞག་བྱས་པའི་ལས་སྣེ་མང་པོ་ཞིག་གིས་གཞུང་གི་བཀོད་འདོམས་དང་སྒྲིག་གཞི་ཁག་ལ་བརྩི་མེད་བཏང་ནས་སྒེར་དོན་དང་སྒེར་གྱི་ཁེ་ཕན་དོན་གཉེར་བྱ་རྒྱུ་མཚམས་འཇོག་གི་མེད་པ་ཐེར་འདོན་བྱས་ཡོད་པ་དང་། ཨ་མི་རི་ཀའི་ཁྲིམས་ལུགས་ལྟར་ན་ཨ་མི་རི་ཀའི་རྡུལ་ཕྲན་གྱི་འཕྲུལ་རིག་ལག་རྩལ་སོ་ཌི་ཨ་རེ་བྷི་ཡར་བཙོང་དགོས་ན་སྔོན་ལ་ཨ་རིའི་གཞུང་དང་སོ་ཌི་ཨ་རེ་བྷི་ཡ་གཉིས་གྲོས་མཐུན་ཡོང་དགོས། དེ་ནས་ཚོང་ལས་ཀྱི་གྲོས་མཐུན་དེར་ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་འགོད་དགོས། མཐར་སོ་ཌི་ཨ་རེ་བྷི་ཡའི་རྡུལ་ཕྲན་ལས་གྲྭ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལྷན་ཁང་གི་རྟོག་ཞིབ་འོག་ཏུ་འཇོག་དགོས། འོན་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་གིས་གོ་རིམ་དེ་དག་བརྒྱུད་མ་དགོས་པར་ཨ་མི་རི་ཀའི་རྡུལ་ཕྲན་བཟོ་ཚོང་ལས་ཁང་ཁག་ལ་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་ལས་གྲྭ་འཛུགས་སྐྲུན་བྱེད་དུ་འཇུག་ཐབས་བྱེད་ཀྱི་ཡོད་པ་རེད།།

ཨ་མི་རི་ཀའི་རྡུལ་ཕྲན་ཁྱབ་གདལ་བཀག་སྡོམ་ཐེབས་རྩ་ཁང་གི་འགན་འཛིན་ཊོམ་ཀོ་ལི་ནས་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་གྱི་ནུས་ཤུགས་དགོས་མཁོ་མེད། ཁོ་ཚོས་རྡུལ་ཕྲན་ལས་གྲྭ་འཛུགས་ཐབས་བྱེད་བཞིན་པ་ནི་གློག་མཁོ་འདོན་གྱི་ཆེད་དུ་མིན་པར་རྡུལ་ཕྲན་མཚོན་ཆ་བཟོ་ཐབས་ཡིན་ཤས་ཆེ། སོ་ཌི་ཨ་རེ་བྷི་ཡ་དང་ཨི་རན་གཉིས་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་ཐོག་ཏུ་འགལ་ཟླ་ཡོད། གལ་སྲིད་སོ་ཌི་ཨ་རེ་བྷི་ཡས་རྡུལ་ཕྲན་ལས་གྲྭ་བཙུགས་ན་ཨི་རན་གྱིས་སླར་ཡང་རྡུལ་ཕྲན་ལས་སྣོན་བྱས་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྲིད། དེས་ན་སྲིད་འཛིན་ཌོ་ནལ་ཊམ་དང་བཟའ་འཁོར་ཚོས་སྒེར་གྱི་དཔལ་འབྱོར་ཁེ་ཕན་ཆེད་དུ་སོ་ཌི་ཨ་རེ་བྷི་ཡར་རྡུལ་ཕྲན་ལས་གྲྭ་གཉེར་དུ་བཅུག་ན་དགེ་མཚན་མེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་སོ་ཌི་ཨ་རེ་བྷི་ཡར་འབྲེལ་བ་དམ་ཟབ་འཛིན་གྱི་ཡོད་པ་འདིར་མཇུག་འབྲས་བཟང་པོ་ཞིག་སྨིན་མི་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ༢༠༡༥་ལོར་ཨ་མི་རི་ཀ་དང་ཨི་རན་གཉིས་ཀྱིས་རྡུལ་ཕྲན་གྲོས་མཐུན་ཞིག་བཞག་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་བརྩི་མེད་བཏང་སྟེ་ཨ་མི་རི་ཀ་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་བྱས་ནས་སླར་ཡང་ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། ཉམས་ཞིབ་པ་ཚོས་སོ་ཌི་ཨ་རེ་བྷི་ཡ་དང་ཨི་སི་རན་གྱི་སྐུལ་ལྕག་ལ་བརྟེན་ནས་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་དང་ཨི་རན་གྱི་གྲོས་མཐུན་དེར་བརྩི་མེད་བཏང་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG