ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀ་ཤི་མིར་གྱི་ས་ཐོག་ཏུ་རྒྱ་གར་གྱི་དམག་༤་ལ་སྲོག་སྐྱོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༢་ཚེས་༡༨་ཉིན་ཀ་ཤི་མིལ་གྱི་པུལ་ཝ་མ་ས་གནས་སུ་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱས་ནས་རྒྱ་གར་གྱི་དམག་མི་༤་དང་མི་དཀྱུས་མ་ཞིག་ལ་སྲོག་སྐྱོན་ཕོག རྒྱ་གར་གྱི་དམག་གིས་ཕར་རྒོལ་བྱས་ནས་དྲག་སྤྱོད་པ་གཉིས་གསོད་ཐུབ་ཡོད་ཀྱང་བདུན་ཕྲག་སྔོན་མར་པུལ་ཝ་མ་ས་གནས་སུ་འཇིགས་སྐུལ་རིང་ལུགས་པ་ཞིག་གིས་གཏོར་རྒོལ་བྱས་ནས་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་༤༠་ཡས་མས་ཤིག་ལ་སྲོག་སྐྱོན་དང་མི་༢༠་ལྷག་ལ་རྨས་སྐྱོན་ཕོག གཟའ་ཟླ་བའི་ཉིན་རྒྱ་གར་གྱི་དྲག་ཉེན་རྟོག་པ་ཚོས་པུལ་ཝ་མ་ས་གནས་སུ་སྐོར་གཡེང་བྱས་པའི་སྐབས་སུ་དྲག་སྤྱོད་པ་ཚོས་ཚུར་རྒོལ་བྱུང་བ་དང་ད་ལྟ་སླར་ཡང་ཀ་ཤི་མིར་གྱི་ས་གནས་ཁག་ཏུ་རྒྱ་གར་གྱི་དམག་དང་དྲག་ཆས་ཉེན་རྟོག་པ་ཚོར་རྒོལ་རྡུང་འཕོག་རྒྱུ་ཇེ་མང་དུ་སོང་འདུག

པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པས་བདུན་ཕྲག་སྔོན་མའི་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་བྱས་ཀྱང་རྒྱ་གར་གཞུང་གིས་བདུན་ཕྲག་སྔོན་མའི་གཏོར་རྒོལ་དེར་པ་ཀི་སི་ཐན་ཐད་ཀར་འབྲེལ་བ་འདུག པ་ཀི་སི་ཐན་གཞུང་གིས་ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། པ་ཀི་སི་ཐན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་གཞིས་ཚུགས་སའི་རྟེན་གཞི་སྤྲོད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཟེར་གྱི་ཡོད་རུང་པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་ང་ཚོ་གཟའ་འཁོར་སྔོན་མའི་གཏོར་རྒོལ་དེར་འབྲེལ་བ་གཏན་ནས་མེད་ཅེས་རྒྱ་གར་གྱི་སྐྱོན་འཛུགས་ལ་ངོས་ལེན་བྱེད་ཀྱི་མེད་ཅིང་། ༡༩༨༩་ལོ་ནས་ཀ་ཤི་མིར་རང་བཙན་བྱེད་པའམ། ཡང་ན་པ་ཀི་སི་ཐན་ལ་ཟླ་སྒྲིལ་བྱ་དགོས་ཞེས་རྒྱ་གར་གྱི་དབང་སྒྱུར་ལ་གྱེན་ལོག་བྱ་རྒྱུ་འགོ་ཚུགས།།

ཕྱི་ཟླ་༢་པའི་ཚེས་༡༨་ཉིན་རྒྱ་གར་གྱི་ཉེན་རྟོག་པ་ཚོས་ཁྱབ་བསྒྲགས་བྱས་པ་ལྟར་ན་དྲག་སྤྱོད་པ་གཉིས་ཀ་ཤི་མིར་གྱི་པིང་ལེ་ན་གྲོང་གསེབ་ཏུ་འགགས་ནས་བྱོས་བྱོལ་དུ་འགྲོ་ཐུབ་མེད་ཅིང་། ཁོ་ཚོ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པའི་ཚོགས་མི་ཡིན་པར་མ་ཟད། དྲག་སྤྱོད་པ་གཅིག་ནི་པ་ཀི་སི་ཐན་གྱི་སྤྱི་དམངས་རེད། རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པས་གྲོང་གསེབ་པ་ཚོ་རང་ཁྱིམ་དུ་འཛུལ་ནས་སྡོད། ཁང་པའི་ཕྱི་ལ་མ་འབུད་ཅེས་ཉེན་བརྡ་བཏང་བ་ཡིན་ཟེར་ཀྱང་ཕྱོགས་མང་པོ་ཞིག་ཏུ་མེ་མདའ་བརྒྱབ་པའི་སྒྲ་སྐད་ཐོས་ཐུབ། ད་ཐེངས་ཀྱི་འཐབ་རྒོལ་སྐབས་སུ་དྲག་སྤྱོད་པ་གཉིས་ཡིབ་སྐུང་བྱ་ཡུལ་གྱི་ཁང་བདག་ཀྱང་བསད། རྒྱ་གར་གྱི་ཉེན་རྟོག་པ་ཚོས་དྲག་སྤྱོད་པ་གཉིས་ཡིབ་སྐུང་བྱེད་ཡོད་པའི་ཁང་པ་དེར་ཉེན་བརྡ་བཏང་ནས་མེ་མདའ་བརྒྱབ་པ་ཡིན། ཡིན་ནའང་དྲག་སྤྱོད་པ་ཚོས་ཚུར་རྒོལ་བྱས་བྱུང་། ཁ་སང་གཟའ་ཉི་མའི་ཉིན་བདུན་ཕྲག་སྔོན་མའི་གཏོར་རྒོལ་ལ་འབྲེལ་བ་ཡོད་སྲིད་པའི་མི་སྣ་དོགས་ཅན་༢༠་ལྷག་བཀག་ཉར་བྱས་པ་ཡིན་ཞེས་བཤད།།

འདི་ཙམ་ན་རྒྱ་གར་གཞུང་གིས་འཇར་མན་ཎིའི་མུ་ཎིཀ་བདེ་འཇགས་ལྷན་ཚོགས་ཐེངས་༥༥་པའི་ཐོག་ཏུ་ཀ་ཤི་མིར་གྱི་པུལ་ཝ་མ་ས་གནས་སུ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་བྱུང་བ་གླེང་ཡོད་པ་སྟེ། པ་ཀི་སི་ཐན་གྱིས་དྲག་སྤྱོད་པ་ཚོར་རྒྱབ་སྐྱོར་བྱས་ནས་རྒྱ་གར་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་སྤེལ་གྱིན་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པ་ཀི་སི་ཐན་གྲོགས་མེད་ཁེར་རྐྱང་དུ་འཇོག་དགོས་ཞེས་འཐུས་མི་༦༠༠་ལྷག་མཉམ་ཞུགས་བྱས་པའི་ཚོགས་ཆེན་ཐོག་ཏུ་ནན་བརྗོད་བྱས་པ་དང་མུ་ནིཀ་བདེ་འཇགས་ལྷན་ཚོགས་དེར་ཨ་མི་རི་ཀ་དང་ཨུ་རུ་སུ། འཇར་མན་ཎི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག ཨབ་གྷ་ཎི་སི་ཐན་དང་ཨུ་ཛི་བྷེ་ཀི་སི་ཐན། བྷང་ག་ལ་དང་སོག་ཡུལ། ཨར་མེ་ཎི་ཡ་དང་ཨོ་མན་སོགས་ཀྱི་འཐུས་མི་རྣམས་མཉམ་ཞུགས་བྱས་པ་དང་རྒྱ་གར་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་གཞོན་པ་པན་ཀ་ཇི་ས་རན་གྱིས་རྒྱལ་ཁབ་དེ་དག་གི་སྐུ་ཚབ་ཚོར་ལོགས་སུ་ཟུར་ཐུག་བྱས་ནས་པ་ཀི་སི་ཐན་ལ་གནོན་ཤུགས་སྤྲོད་དགོས་པའི་གྲོས་བསྡུར་བྱས་འདུག

༢༠༡༩་ལོར་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པ་དང་སྲིད་བློན་མོ་དྷིར་རྒྱ་གར་རྒྱལ་ཡོངས་སུ་པ་ཀི་སི་ཐན་ལ་རྒོལ་ལན་ནན་པོ་སློག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པས་སྲིད་བློན་མོ་དྷིས་རྒྱ་གར་གྱི་དམག་ལ་ཀ་ཤི་མིར་གྱི་དྲག་སྤྱོད་པ་ཚོར་རྒོལ་ལན་ཇི་ལྟར་སློག་དགོས་མིན་རང་དབང་ཆ་ཚང་སྤྲད། ༢༠༡༦་ལོར་ཡང་རྒྱ་གར་གྱི་དམག་སྒར་ཞིག་ལ་གཏོར་རྒོལ་བྱས་ནས་མི་༡༩་བསད། དེ་ནས་རྒྱ་གར་གྱི་དམག་གིས་ས་མཚམས་བརྒལ་ནས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱས་ནས་རྒོལ་ལན་སློག་ཅིང་། ད་ལྟ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཕལ་ཆེ་བས་༢༠༡༨་ལོར་ཀ་ཤི་མིར་གྱི་ས་ཐོག་ཏུ་རྒྱ་གར་གྱི་བདེ་འཇགས་སྲུང་དམག་ལ་གཏོར་རྒོལ་ཕོག་རྒྱུ་ཇེ་མང་དུ་འགྲོ་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་དོགས་གཅོད་ཀྱི་ཁ་བྱང་བཀོད།།

ད་སྔ་རྒྱ་གར་གྱིས་པ་ཀི་སི་ཐན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པ་ལས། རྒྱ་གར་གྱིས་པ་ཀི་སི་ཐན་ལ་དྲག་པོའི་རྒོལ་ལན་སློག་རྒྱུའི་སྲིད་ཇུས་གང་ཡང་ལག་ལེན་བསྟར་མེད་པ་སྟེ། རྒྱ་གར་གྱིས་པ་ཀི་སི་ཐན་ལ་དམིགས་བསལ་ཁྲལ་ཆག་གི་ཚོང་ལས་ཐོབ་ཐང་ཞིག་སྤྲོད་ཀྱི་ཡོད་པ་ཕྱིར་འཐེན་དང་། པ་ཀི་སི་ཐན་གྱིས་རྒྱ་གར་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༠༠་སྤར། རྒྱ་གར་གྱིས་གང་ཐུབ་ཅི་ཐུབ་ཀྱིས་པ་ཀི་སི་ཐན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་བྱ་རྒྱུ་ཡིན་ཞེས་ངར་སྐད་སྒྲོགས་ཀྱི་ཡོད་ཀྱང་རྒྱ་གར་མི་དམངས་ཀྱིས་སྲིད་གཞུང་ལ་གནོན་ཤུགས་སྤྲད་ནས་རྒོལ་ལན་སློག་དགོས་ཟེར་གྱི་ཡོད། སྲིད་བློན་མོ་དྷིས་པ་ཀི་སི་ཐན་ལ་རྒོལ་ལན་སློག་ནས་རྒྱ་གར་མི་དམངས་ཀྱི་ཁོང་ཁྲོ་ཞི་རུ་འཇུག་མ་ཐུབ་ཚེ། ད་ལོའི་སྤྱི་ཡོངས་འོས་འདེམས་སྐབས་སུ་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་བྷི་ཛྷེ་བྷི་ལ་ཕམ་ཉེས་འབྱུང་སྲིད་པའི་ཉེན་ཀ་ཡོད། འོན་ཀྱང་ད་ལྟ་དགུན་ཁའི་དུས་འདིར་ཀ་ཤི་མིར་གྱི་ས་མཚམས་ཁག་ལ་ཁངས་མཐུག་པོ་བབས་ནས་འགྲོ་ལམ་འགགས། རྒྱ་གར་གྱི་དམག་གིས་ས་མཚམས་བརྒལ་ནས་འཇིགས་སྐུལ་རིང་ལུགས་པའི་རྟེན་གཞི་ཁག་ལ་རྒོལ་རྡུལ་བྱས་པའི་རྗེས་སུ་འཕྲལ་དུ་ཕྱིར་འཐེན་བྱ་རྒྱུའང་སྟབས་བདེ་བོ་ཞིག་མེད་པ་རེད།།

XS
SM
MD
LG