ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གྲུབ་འབྲས་གསལ་བོ་མེད་པའི་ཨ་རྒྱ་བར་གྱི་ཚོང་དོན་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཨ་རི་དང་རྒྱ་ནག་གི་གཞུང་འབྲེལ་ཚོང་དོན་སྐུ་ཚབ་ཚོགས་པ་གཉིས་ཀྱི་བར་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཉིན་གྲངས་༤་རིང་ལ་རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་གི་འགལ་བའི་ཐད་བགྲོི་གླེང་བྱས་ཤིང་། དེ་རིང་གཟའ་པ་སངས་ཉིན་གྱི་ཕྱི་དྲོར་ཉོ་ཚོང་གྲོས་མོལ་དེ་མཇུག་གྲུབ་ཡོད་ནའང་གྲོས་མོལ་དེར་མཇུག་འབྲས་ཅི་ཞིག་བྱུང་ཡོད་མེད་ཀྱི་ཐད་ནས་རྒྱལ་ཁབ་གཉིས་ཀྱི་གཞུང་འབྲེལ་ནས་ཞིབ་ཕྲའི་གསལ་བསྒྲགས་ཅི་ཡང་སྤེལ་མེད་པས། དབྱེ་ཞིབ་པ་དག་གིས་ཐེངས་འདིའི་ཚོང་དོན་གྲོས་མོལ་ལ་ཡང་དོན་ཕན་ལྡན་པའི་མཇུག་འབྲས་ཞིག་བྱུང་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཨ་རིའི་ནོར་སྲིད་དྲུང་ཆེ་སི་ཁྲས་བུན་མི་ནུའུ་ཆིན་གྱིས་ཁྲོས་ཁྲིར་ཀྱི་སྟེང་གནས་ཚུལ་སྤེལ་ཡོད་པའི་ནང་དུ་ཁོ་ཚོས་རྒྱ་ནག་གི་ཚོང་དོན་སྐུ་ཚབ་མི་སྣ་ལིག་ཧི་དང་མཉམ་དུ་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་ཡོད་ཅེས་བཤད་འདུག་ནའང་ཞིབ་ཕྲའི་གནས་ཚུལ་ཅི་ཡང་འཁོད་མེད་པ་དང་། ད་སྔ་ཨ་རིའི་ཚོང་དོན་སྐུ་ཚབ་ཚོགས་པའི་གཞུང་ལས་ཁང་དང་ཨ་རིའི་ནོར་སྲིད་ལྷན་ཁང་། རྒྱ་ནག་ཚོང་དོན་ལྷན་ཁང་སོགས་གཞུང་འབྲེལ་གྱི་སྡེ་ཚན་གཅིག་གིས་ཀྱང་ཨ་རྒྱ་གཉིས་བར་གྱི་ཉོ་ཚོང་གི་གྲོས་མོལ་ལ་གྲུབ་འབྲས་བྱུང་ཡོད་པའི་གནས་ཚུལ་སྤེལ་མེད་པ་རེད། ཐེངས་འདིར་ཡང་ད་ལོའི་སྤྱི་ཟླ་༥་ནང་ཨ་རིའི་ཕྱོགས་ནས་བཏོན་པའི་ཚོང་དོན་དང་འབྲེལ་བའི་གནད་དོན་༡༠༠ལྷག་ཡོད་པ་དག་ཐག་གཅོད་བྱེད་ཐབས་ལ་གྲོས་མོལ་བྱས་ཡོད་ནའང་། གཟའ་འཁོར་འདིའི་ཚོགས་འདུའི་གྲ་སྒྲིག་གི་ལས་དོན་ཁྲོད་དུ་ཤེས་ཐུབ་པ་ནི་གནད་དོན་ཐག་གཅོད་རྒྱུའི་གྲོས་ཆོད་གྲོས་ཟིན་ཁག་ཅིག་ལ་ཕྱོགས་གཉིས་ཀྱི་བསམ་ཚུལ་གཅིག་མཐུན་བྱུང་གི་མེད་པས་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཞིག་བྱུང་རྒྱུའི་རེ་བ་ཐོག་མ་ནས་མི་འདུག་ཅེས་ཀྱང་དབྱེ་ཞིབ་བྱས་འདུག ཁྱད་པར་དུ་ཚན་རྩལ་ལས་རིགས་ཀྱི་ཉོ་ཚོང་གི་ཐད་ནས་ཨ་རྒྱ་གཉིས་ཀྱི་བར་དུ་འགལ་ཟླ་ཆེན་པོ་ཡིན་པ་དང་། ཚན་རིག་ལག་རྩལ་གྱི་གནད་དོན་མང་པོ་ཞིག་གི་ཐད་ནས་ཚན་རྩལ་སྡེ་ཚན་དང་བཟོ་ཚོང་ཁང་དག་གི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་དྲགས་པ་དང་དུས་ཡུན་ཐུང་ཐུང་གི་ནང་འགྱུར་ལྡོག་ཐེབས་ཀྱི་ཡོད་པས་རྒྱུན་རིང་གི་ཐག་གཅོད་ལྡན་པའི་གན་རྒྱ་ཞིག་འཇོག་རྒྱུར་དཀའ་ངལ་མང་པོར་འཕྲད་ཀྱི་ཡོད་པ་རེད། གཞན་ཡང་དེ་རིང་རོ་ཨེ་ཁྲིར་གསར་འགྱུར་ཁང་གིས་གསར་འགྱུར་གྱི་ཡོངས་ཁུངས་གསུམ་དང་འབྲེལ་ནས་འགྲེལ་བརྗོད་བྱས་ཡོད་པ་ལྟར་ན་ཐེངས་འདིའི་ཚོང་དོན་གྲོས་མོལ་བརྒྱུད་ནས་རྒྱ་ནག་གཞུང་གིས་ལུགས་མཐུན་མིན་པའི་ཐོག་ནས་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་གཉེར་ཁེ་ལས་དང་བཟོ་ལས་སྡེ་ཚན་དག་ལ་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད་པ་མཚམས་འཇོག་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ནའང་ཨ་རིའི་ཚོང་དོན་སྐུ་ཚབ་མི་སྣས་དེ་ལ་དོགས་པ་བྱེད་ཀྱི་ཡོད་པར་བཤད་འདུག ད་སྔ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ནས་ཁོ་ཚོའི་སྒྲིག་འཛུགས་འདིའི་ཁོངས་སུ་ཞུགས་ཡོད་པའི་རྒྱལ་ཁབ་དག་ལ་སོ་སོའི་རྒྱལ་ཁབ་ནང་གཞུང་གཉེར་ཁེ་ལས་དང་བཟོ་ལས་སོགས་ཀྱི་ཐད་གཞུང་འབྲེལ་གྱི་ཐོག་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུར་གཅིག་གྱུར་གྱི་ཚད་གཞི་ཤིག་བཟོས་ཡོད་ནའང་། ད་སྔ་རྒྱ་ནག་གིས་བཟོ་ལས་སྡེ་ཚན་དག་ལ་གཞུང་འབྲེལ་གྱིས་ཁ་གསབ་རོགས་དངུལ་ཅི་ཙམ་སྤྲོད་ཀྱི་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་དང་ཁ་གསལ་བོ་ཅི་ཡང་འགྲེལ་བརྗོད་བྱས་མྱོང་མེད་པ་རེད། དེ་སྔོན་ཨ་རྒྱ་གཉིས་ནས་རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་གི་འགལ་ཟླ་སེལ་ཐུབ་པའི་ཆེད་དུ་ད་ལོའི་སྤྱི་ཟླ་༣བར་དུ་ཕྱོགས་ནས་ཚོང་ཁྲལ་སྤར་ཡོད་པ་དག་མཚམས་འཇོག་བྱས་ཡོད་པ་དང་། ཨ་རིས་ཕྱོགས་ནས་གལ་སྲིད་ཟླ་གསུམ་པ་བར་དུ་འགལ་ཟླ་འདི་སེལ་མ་ཐུབ་པ་ཡིན་ན་དེ་སྔོན་ཨ་རིས་རྒྱ་ནག་གི་ཚོང་རྫས་ཨ་སྒོར་དུང་ཕྱུར༢༠༠༠ཀྱི་ཚད་ལ་སྒོ་ཁྲལ་བརྒྱ་ཆའི་བཅུ་སྤར་ཡོད་པ་དེ་མ་འོངས་བར་བརྒྱ་ཆའི་༢༥་སྤར་རྒྱུ་ཡིན་ཅེས་འཇིགས་སྐུལ་བྱས་ཡོད་མོད། བདུན་ཕྲག་འདིའི་ནང་ཨ་རིའི་སྲིད་འཛིན་གྱིས་གལ་སྲིད་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་གྲོས་མོལ་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཤིག་བྱུང་བ་ཡིན་ན་སྒོ་ཁྲལ་ཆག་ཡང་བཏང་བའི་དུས་ཡུན་མུ་མཐུད་ནས་འཕར་འགྱངས་བྱ་རྒྱུ་ཡིན་ཅེས་ཀྱང་བཤད་འདུག དེ་རིང་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་མཇུག་གྲུབ་རྗེས་ཨ་རིའི་ཚོང་དོན་སྐུ་ཚབ་མི་སྣ་དག་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་ལ་ཡང་ཐུག་འཕྲད་བྱས་ཡོད་པ་རེད།

XS
SM
MD
LG