ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་ལ་ཁ་གཏད་གཅོག་པའི་ཐབས་ཇུས་གསར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་གནད་ཡོད་གཞུང་འབྲེལ་མི་སྣ་ཟུར་པ་ཁག་ཅིག་དང་རྒྱ་ནག་ཉམས་ཞིབ་པ་མཁས་པ་ཁག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་བཏང་ནས་ཕན་ཐོགས་མེད། ཨ་མི་རི་ཀ་གནས་སྐབས་ཀྱི་ཚོང་ལས་དང་དཔལ་འབྱོར་གྱི་ཁེ་ཕན་སོགས་ལ་མགོ་བོ་མ་འཁོར་པར་མ་འོངས་པའི་འཕྲུལ་རིག་ལག་རྩལ་གསར་པ་རྣམས་ཡར་རྒྱས་གཏོང་དགོས། ད་དུང་ཨ་མི་རི་ཀས་རྒྱལ་སྤྱིའི་ཐོག་ཏུ་མཐུན་གྲོགས་བསྒྲིགས་ནས་རྒྱ་ནག་གི་ཉེ་འཁོར་དུ་དམག་སྦྱོང་བྱ་དགོས། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་སྟོབས་འབྱོར་མངའ་ཐང་རྒྱས་བཞིན་པ་འདིར་ཁ་གཏད་གཅོག་པའི་ཐབས་ཇུས་གསར་པ་ཞིག་འཛིན་དགོས་ཞེས་ནན་བརྗོད་བྱས་འདུག

ད་ཐེངས་ཀྱི་སྙན་ཐོ་འདི་ཨ་མི་རི་ཀའི་ཨེ་ཤི་ཡའི་ལྟེ་གནས་ཀྱི་མཁས་པ་ཨོར་ཝྭིལ་ཤཱལ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཟུར་པ་སུ་སན་ཤིར་ཀེ་སྟེ། ཨ་རིའི་སན་ཌི་ཡེ་གྷོ་གྲོང་ཁྱེར་དུ་ཆགས་པའི་ཁེ་ལི་ཧྥོ་ཎི་ཡ་སློབ་གྲྭ་ཆེན་མོའི་དུས་རབས་ཉེར་གཅིག་པའི་རྒྱ་ནག་ལྟེ་གནས་ཁང་གི་ཉམས་ཞིབ་པ་གཉིས་ཀྱིས་འགོ་ཁྲིད་པའི་ཨ་མི་རི་ཀའི་ཉམས་ཞིབ་མཁས་པ་དང་གནད་ཡོད་ཀྱི་ཕྱི་འབྲེལ་མི་སྣ་ཟུར་པ་ཁག་ཅིག་གིས་མཉམ་དུ་བཀྲམ། སྤྱིར་ཚོགས་མི་༡༧་ཡོད་པའི་ཉམས་ཞིབ་པ་དང་ཕྱི་འབྲེལ་མི་སྣ་ཟུར་པའི་མཐུན་ཚོགས་འདིས་ཨ་མི་རི་ཀས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་དགོས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་དེང་སྐབས་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་བཞིན་པའི་སྲིད་ཇུས་འདིར་དཔལ་འབྱོར་དང་བདེ་འཇགས་སོགས་ཕྱོགས་གང་ཐད་དུ་སྐྱོན་ཆ་སྣ་མང་ཞིག་འདུག ཨ་མི་རི་ཀས་རང་ཁེ་སྲུང་སྐྱོབ་ཀྱི་སྲིད་ཇུས་འབའ་ཞིག་ལག་ལེན་བསྟར་པའམ། ཡང་ན་ཕྱོགས་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་གཅོད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ན་དགེ་མཚན་མེད། ད་ལྟའི་སྲིད་ཇུས་འདིས་ཨ་མི་རི་ཀའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་གནོད་སྲིད་ཅེས་བསྟན།།

ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་བགྲོ་གླེང་ཚོགས་འདུ་ཚོགས་པའི་སྐབས་སུ་ཨ་རིའི་ཕྱི་འབྲེལ་མི་སྣ་ཟུར་པ་སུ་སན་ཤིར་ཀེས་བཤད་པ་ལྟར་ན་ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་ཁག་ཅིག་ཨ་མི་རི་ཀའི་ཁེ་ཕན་ལ་རྦད་དེ་རྒྱབ་འགལ་ཡིན་ཞིང་། འདི་ནི་རྒྱ་ནག་སྟོབས་འབྱོར་མངའ་ཐང་རྒྱས་བཞིན་ཡོད་པ་གཅིག་པུར་ཐུག་ཡོད་པ་ཞིག་མིན། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་དེར་རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་བཞིན་ཨ་མི་རི་ཀའི་ཁེ་ཕན་ལ་གནོད་པའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་པར་ཐུག་ཡོད། རྒྱ་ནག་གིས་ཚོང་ལས་གཉེར་ནས་གཞན་ལ་ཁེ་ཕན་ཏིལ་འབྲུ་ཙམ་ཡང་མི་སྟེར་པ་དང་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་གྱོང་གུད་ཁོ་ན་སྤྲོད་རྒྱུའི་སྲིད་ཇུས་ཤིག་བཟུང་ཡོད་པས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཁེ་ཕན་ཐོབ་ཅིང་། རྒྱ་ནག་གིས་རང་ཉིད་དུས་རབས་༢༡་པའི་འཕྲུལ་རིག་ལག་རྩལ་འགྲན་ཟླ་མེད་པའི་རྒྱལ་ཁབ་དེར་བསྒྱུར་དགོས་པའི་དམིགས་ཡུལ་འཆང་འདུག དེར་བརྟེན་ཨ་མི་རི་ཀས་མཉམ་འབྲེལ་དང་གནོན་ཤུགས། མཐུན་གྲོགས་བསྒྲིགས་པ་དང་གསར་གཏོད་ཀྱི་སྲིད་ཇུས་རྣམས་མཉམ་དུ་ལག་ལེན་བསྟར་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཞེས་བཤད།།

ཨ་མི་རི་ཀའི་མཁས་པ་ཚོས་བཏོན་པའི་ཞིབ་འཇུག་སྙན་ཐོ་དེར་རང་ཁེ་སྲུང་སྐྱོབ་ཀྱི་སྲིད་ཇུས་ཁོངས་སུ་ཚོང་ལས་དང་མ་རྩ་འཛུགས་འཇོག་བཀག་སྡོམ། སྒོ་ཁྲལ་སྤར་པ་དང་ཕྱིར་ཚོང་བཀག་སྡོམ། རྒྱ་ནག་གི་སློབ་ཕྲུག་དང་ཆེད་ལས་པ་ཚོ་ཨ་མི་རི་ཀར་སློབ་སྦྱོང་དང་ལས་ཀར་ཡོང་གི་ཡོད་པ་རྣམས་འགོག་ཆོག ཡིན་ནའང་ཨ་མི་རི་ཀའི་རྒྱལ་ནང་དུ་རྒྱ་ནག་ལ་ཚོང་ལས་འགགས་པའི་ཁ་གསབ་བྱ་མ་ཐུབ་ན་ཨ་མི་རི་ཀའི་བཟོ་ལས་ཉམས་རྒུད་དང་བཟོ་བར་དཀའ་ངལ། ཨ་མི་རི་ཀའི་མི་དམངས་ལ་དངོས་ཟོག་གི་རིན་གོང་འཕར་བ་སོགས་ཀྱི་དཀའ་ངལ་འཕྲད་ངེས་ཡིན་ཞེས་གསལ་བསྟན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་བྷིའོ་སོགས་ཀྱིས་རྒྱ་ནག་ནས་ཐོན་པའི་༢༠༢༥་བཀག་འགོག་ཅེས་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས། ༢༠༢༥་ནས་ཨ་མི་རི་ཀས་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱ་མི་དགོས་པ་ཞིག་ཏུ་བསྒྱུར་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་རུང་ཨ་མི་རི་ཀའི་མཁས་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱལ་སྤྱིའི་ཐོག་ཏུ་མཐུན་གྲོགས་བསྒྲིག་དགོས། ཨ་མི་རི་ཀའི་ལྟ་བ་དང་ལངས་ཕྱོགས་ལ་མཐུན་པའི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ལེགས་བཅོས་གཏོང་དགོས། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཁྲིམས་འོག་ཏུ་མ་འདུས་པའི་འཕྲུལ་རིག་གསར་པ་དང་ལག་རྩལ་གསར་པར་སྟངས་འཛིན་མེད་པ་དང་རྒྱ་ནག་ལ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཁྲིམས་ལ་འགལ་འཛོལ་བྱ་ས་ཡོད་པ་རྣམས་སྒྱུར་བཅོས་གཏོང་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG