ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

དབུས་ཡུ་རོབ་ལ་རྒྱ་ནག་དང་ཨུ་རུ་སུའི་ཤུགས་རྐྱེན་ཇེ་ཆེ།


༄༅།། དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་མ་རྩ་བཙུགས་ནས་ཚོང་ལས་གཉེར་པ་དང་དཔལ་འབྱོར་གྱི་འབྲེལ་བ་འཛིན་པ། རྒྱ་ནག་དང་ཨུ་རུ་སུའི་བརྡ་འཕྲིན་མ་ལག་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ཁྱབ་སྤེལ་བཏང་ནས་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། གཟའ་འཁོར་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧང་གྷ་རི་དང་སི་ལོ་ཝྭ་ཀི་ཡ་བཅས་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ལྔར་འཚམས་འདྲིར་ཕེབས་ནས་རྒྱ་ནག་དང་ཨུ་རུ་སུའི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པར་ཨ་མི་རི་ཀར་བློ་འཚབ་ཡོད་པ། དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་དམངས་གཙོའི་ལམ་ལུགས་ཀྱི་རྩ་བ་དང་ཁྲིམས་སྐྱོང་ལམ་ལུགས་ཀྱི་རྩ་བ་སྲ་བརྟན་གཏོང་རྒྱུ་གལ་གནད་ཆེན་པོ་ཡིན་པའི་གྲོས་མོལ་གནང་འཆར་ཡོད་ཀྱང་དབུས་ཡུ་རོབ་ཀྱིས་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཁེ་ཕན་བློས་གཏོང་ཐུབ་རྒྱུ་ཡིན་མིན། དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པ། ལྷག་པར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཕོག་ཐུག་བཏང་ནས་ནང་ཁུལ་གྱི་འགལ་ཟླ་ཆེན་པོ་ཡོད་པས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ལྔར་འཚམས་འདྲིར་ཕེབས་པའི་དམིགས་ཡུལ་འགྲུབ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ།།

གཟའ་འཁོར་འདིའི་གཟའ་ལྷག་པ་དང་ཕུར་གཉིས་ལ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཕོ་ལན་ཌིར་དཀྱིལ་ཤར་ས་ཁུལ་ལ་ཞི་བདེ་བསྐྲུན་ཐབས་ཀྱི་གྲོས་མོལ་ཚོགས་འདུ་ཞིག་འཚོགས་རྒྱུ་དང་དཀྱིལ་ཤར་ས་ཁུལ་གྱི་ཞི་བའི་གྲོས་མོལ་དེའི་གྲོས་གཞི་གཙོ་བོ་ཨི་རན་ཡིན་པས་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་དང་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕན་སི། སྲིད་འཛིན་ཌོ་ནལ་ཊམ་གྱི་དཀྱིལ་ཤར་ས་ཁུལ་གྱི་ཞི་བའི་སློབ་སྟོན་པ་སྟེ། ཌོ་ནལ་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར་སོགས་ཨ་རིའི་མཐོ་རིམ་ལས་སྣེ་ཁག་ཅིག་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། གཟའ་ཟླ་བ་དང་མིག་དམར་ཉིན་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧང་གྷ་རི་དང་སི་ལོ་ཝྭ་ཀི་ཡ་གཉིས་ཨུ་རུ་སུའི་རང་བྱུང་སོལ་རླངས་ལ་བརྟེན་དྲགས་ཀྱི་ཡོད་པ་དང་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་དབུས་ཡུ་རོབ་ལ་དར་སྤེལ་གཏོང་གི་ཡོད་པའི་ཉེན་ཀ་གསལ་སྟོན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཐོན་རིམ་ལྔ་པའི་བརྡ་འཕྲིན་མ་ལག་གསར་འཛུགས་བྱེད་ཀྱི་ཡོད་པ་དེར་བློ་འཚབ་དང་ངོ་རྒོལ་ཡོད་པའི་ལངས་ཕྱོགས་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།།

དུས་རབ་སྔོན་མའི་ལོ་རབས་༩༠་ནང་དུ་ཤར་ཡུ་རོབ་ལ་དམར་ཤོག་གི་ལམ་ལུགས་ཐོར་ཞིག་སོང་བའི་རྗེས་སུ་ཨ་མི་རི་ཀའི་ཤར་ཡུ་རོབ་དང་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཁྱབ་གདལ་གཏོང་རྒྱུ་འཐུས་ཤོར་སོང་། དེར་བརྟེན་འདས་པའི་ལོ་ངོ་དེ་དག་གི་རིང་ལ་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་སླར་ཡང་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་དང་ཚོང་ལས། མ་རྩ་འཛུགས་འཇོག་གི་འབྲེལ་བ་བཙུགས་ནས་ཨ་མི་རི་ཀས་སྟོང་ཆ་ཞིག་བཞག་ཡོད་པའི་གོ་སྐབས་དམ་འཛིན་བྱས་ཤིང་། ཉམས་ཞིབ་པ་ཚོས་བཤད་པ་ལྟར་ན་འདས་པའི་ལོ་བཅུའི་ནང་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་དང་རྒྱ་ནག་གཉིས་ཀྱིས་དབུས་ཡུ་རོབ་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཁྱབ་སྤེལ་བཏང་བར་ནུས་པ་ཆེན་པོ་ཐོན། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་མི་རི་ཀ་དང་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ཐུན་མོང་གི་རྩ་འཛིན་ཡོད་པ་རྣམས་ཉེ་བའི་ལོ་ཤས་ཤིག་ནས་འཐུས་ཤོར་སོང་ཡོད་པ་སླར་གསོ་བྱེད་ཕྱོགས་ལ་དམིགས་པ་གཙོ་བོ་གཏོང་རྒྱུ་ཡིན་པར་མ་ཟད། ཧང་གྷ་རིའི་སྲིད་བློན་ཝྭིཀ་ཊོར་ཨོར་བྷན་ཡང་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཞིག་ཡིན་པ་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་འདྲ་བར་ཕྱི་མི་གཞིས་ཆགས་པ་ཚོར་ངོ་རྒོལ་གྱི་ལངས་ཕྱོགས་ཤིག་བཟུང་ཡོད་པས་ཨ་རིའི་གཞུང་གིས་ཧང་གྷ་རིའི་སྲིད་བློན་ཨོར་བྷན་ལ་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། སྲིད་བློན་ཨོར་བྷན་གྱིས་རང་གི་ཁ་གཏད་པ་དང་ལས་རྩོལ་པའི་མཐུན་ཚོགས། གསར་འགོད་རང་དབང་དང་ཤེས་ཡོན་ཅན་ཚོར་དྲག་གནོན་བྱས་པའི་སྟབས་ཀྱིས་ཨ་རིའི་སྲིད་འཛིན་སྔོན་མ་ཨོ་བྷ་མའི་དུས་སུ་ཨ་རི་དང་ཧང་གྷ་རིའི་འབྲེལ་བ་ཡག་པོ་ཞིག་བྱུང་མེད། ཐ་ན་ཧང་གྷ་རིའི་སྲིད་བློན་གྱིས་ཨ་མི་རི་ཀའི་ལངས་ཕྱོགས་དང་སྲིད་ཇུས་ཁག་ཅིག་ལ་རྒྱབ་སྐྱོར་མེད་ཅེས་རྣམ་འགྱུར་གསལ་བོར་བསྟན།།

བྷ་ར་ཊི་སི་ལ་ཝྭ་གྲོང་ཁྱེར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་སི་ལོ་ཝྭ་ཀི་ཡའི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་དང་སི་ལ་ཝྭ་ཀི་ཡ་ལའང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས། མ་རྩ་འཛུགས་འཇོག་དང་བརྡ་འཕྲིན་མ་ལག་སོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས། སྔོན་ཆད་གྲང་དམག་འཁོན་འཛིང་དུས་སུ་དམར་ཤོག་གི་དབང་སྒྱུར་འོག་ནས་ཆེཀ་སི་ལོ་ཝྭ་ཀི་ཡ་ནས་མི་བརྒྱ་སྐོར་ཞིག་ཨོ་སི་ཊི་རི་ཡར་བྲོས་བྱོལ་དུ་སོང་སྟེ་ས་མཚམས་སྲུང་དམག་གིས་མེ་མདའ་བརྒྱབ་ནས་མི་དེ་རྣམས་བསད་པར་ཨ་རིའི་ཕྱི་སྲིད་དྲུང་ཆེས་མྱ་ངན་དང་མེ་ཏོག་གི་མཆོད་པ་འབུལ་རྒྱུ། ད་དུང་ཨ་རིའི་ཕྱི་སྲིད་དྲུང་ཆེས་སི་ལ་ཝྭ་ཀི་ཡའི་སློབ་ཕྲུག་ཚོར་ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་ལུགས་ཨུ་རུ་སུའི་དམར་ཤོག་ལམ་ལུགས་ལས་རྣམ་པར་རྒྱལ་ཡོད་པའི་གཏམ་བཤད་བྱ་རྒྱུ། ཕོ་ལན་ཌིའི་རྒྱལ་སར་དཀྱིལ་ཤར་ས་ཁུལ་གྱི་ཞི་བའི་གྲོས་མོལ་གྱི་ཚོགས་འདུ་འཚོགས་པའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་དང་འཁྱག་གླིང་རྒྱལ་ཁབ་ཀྱི་རྒྱལ་བཅས་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རེད།།

XS
SM
MD
LG