ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་རྒྱ་ནག་གི་ཁ་པར་ཡོ་བྱད་འགོག་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༢་པའི་ཟླ་མཇུག་འདིར་སི་པེན་གྱི་བྷར་སི་ལོ་ན་གྲོང་ཁྱེར་དུ་འཛམ་གླིང་གི་ལག་ཐོགས་ཁ་པར་གྱི་ཚོགས་ཆེན་ཞིག་འཚོགས་འཆར་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཚོགས་ཆེན་དེའི་སྔོན་ལ་ཨ་མི་རི་ཀའི་ལག་ཐོགས་ཁ་པར་ལས་ཁུངས་ཁག་གིས་རྒྱ་ནག་གི་ཁ་པར་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་མི་ཆོག ཨ་མི་རི་ཀའི་སྤྱི་སྒེར་གཉིས་ལ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་གི་འཕྲིན་ལམ་དང་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་མིན། རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་དེ་དག་གི་ཡོ་བྱད་རྣམས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་མི་ཆོག་ཅེས་བཀག་སྡོམ་བྱ་འཆར་ཡོད་པའི་གནས་ཚུལ་ཐོན།།

གསར་འགོད་པས་མིང་འདོན་མ་བྱས་པའི་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་བཤད་པ་ལྟར་ན་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་དེ་དག་གི་ཡོ་བྱད་རྣམས་ཨ་མི་རི་ཀའི་ས་ཐོག་ཏུ་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་འགོག་བྱ་དགོས་ཞེས་གནོན་ཤུགས་ཆེན་པོ་སྤྲོད་ཀྱིན་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་སྔོན་མ་ནས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གི་ཡོ་བྱད་རྣམས་འགོག་དགོས་པ་ཞིག་ཡིན། ཡིན་ནའང་ད་ལྟ་བར་དུ་ནར་འགྱངས་སོང་ནས་ལག་ལེན་བསྟར་ཐུབ་མ་སོང་། རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་དེ་དག་གི་འཕྲིན་ལམ་ནས་ཨ་མི་རི་ཀའི་དྲྭ་ལམ་ཁག་ལ་གཏོར་རྒོལ་འབྱུང་བ་དང་རྒྱ་ནག་གིས་དྲྭ་ལམ་བརྒྱུད་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་མང་པོ་ཞིག་རྒྱ་ནག་གིས་རྐུ་འཁྱེར་བྱེད་ཀྱི་ཡོད་པ་འགོག་དགོས་ཞེས་བཤད། ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་རྒྱ་ནག་གི་ཁ་པར་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་དེས་ཆེས་དེང་རབས་ཀྱི་འཕྲུལ་ཆས་གསར་པ་ཅི་ཞིག་འཚོང་འགྲེམ་བྱས་ཀྱང་ཨ་མི་རི་ཀས་དྲྭ་ལམ་བདེ་འཇགས་གཙིགས་འཛིན་གྱི་ཡོད་པ་མཚོན་ཐུབ། བདེ་འཇགས་མིན་པའི་བརྡ་འཕྲིན་དང་དྲྭ་ལམ་གྱི་ཚོང་ལས་ཁག་ལ་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་མདུན་ལམ་མེད་པ་སྟོན་ཐབས་ཤིག་རེད་བཤད།།

ན་ནིང་ལོ་མཇུག་དེར་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་པ་གཉིས་ཀྱིས་ལོ་བཅུ་ཕྲག་གཅིག་ལ་ཨ་མི་རི་ཀའི་ཚོང་ལས་ཁག་དང་ཨ་རིའི་གཞུང་གི་ལས་ཁུངས་ཁག་གི་དྲྭ་ལམ་ལ་སིམ་འཛུལ་བྱས་ནས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་སོང་ཞེས་ནག་ཉེས་བཙུགས་པར་མ་ཟད། ཟླ་བ་སྔོན་མར་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་ཨི་རན་ལ་ཚོང་འབྲེལ་བཙུགས་པའི་ནག་ཉེས་བཙུགས། དེ་ནས་ཁེ་ན་ཌའི་གཞུང་ལ་ཧྭ་ཝེ་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་འཛིན་བཟུང་བྱེད་དུ་བཅུག་ཅིང་། ད་ལྟ་ཨ་མི་རི་ཀས་ཁེ་ན་ཌའི་གཞུང་ལ་མེན་ཝན་ཀྲུག་དངོས་སུ་ཨ་མི་རི་ཀར་རྩིས་སྤྲོད་བྱ་དགོས་ཞེས་ཁྲིམས་འགུགས་བྱེད་ཀྱི་ཡོད་པས་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ཡོད་པ་འདིའི་སྐབས་སུ་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གཉིས་ཨ་མི་རི་ཀས་ཉེས་འཛུགས་ཡུལ་གཙོ་བོ་ཞིག་ཏུ་གྱུར། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གི་འཕྲིན་ལམ་དེ་དག་བརྟན་པོ་མ་རེད་ཅེས་ཉེན་བརྡ་བཏང་འདུག

ད་ནས་ཡུན་རིང་མི་འགོར་པར་འཛམ་གླིང་ཡོངས་སུ་ཐོན་རིམ་ལྔ་པའི་བརྡ་འཕྲིན་གྱི་འཕྲིན་ལམ་གསར་འཛུགས་རྒྱུ་མངོན་དུ་ཕྱོགས། རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གཉིས་ཀྱིས་ཐོན་རིམ་ལྔ་པའི་བརྡ་འཕྲིན་གྱི་འཕྲིན་ལམ་གསར་བཟོ་དང་རིན་གོང་ཆུང་བ། བརྡ་འཕྲིན་གྱི་ཡོ་བྱད་རྣམས་ཀྱང་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་གིས་གསར་འཛུགས་བྱ་རྒྱུ། ཧྭ་ཝེ་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གིས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ཁ་པར་དང་བརྡ་འཕྲིན་གྱི་མ་ལག་དར་ཁྱབ་བཏང་སྟེ་རྒྱལ་ཁབ་༡༧༠་ཙམ་ལ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གི་བརྡ་འཕྲིན་གྱི་མ་ལག་འཛུགས་ཐུབ་ཡོད་མོད། འོན་ཀྱང་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་འདུག་ཅེས་བདེ་འཇགས་མེད་པའི་གླེང་སློང་བྱེད་འགོ་ཚུགས། དེར་བརྟེན་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཁ་པར་དང་འཕྲིན་ལམ་རྣམས་འགོག་གི་ཡོད་ཀྱང་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་དང་དབྱིན་ཇི་གཉིས་ཀྱིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲིན་ལམ་ཡོངས་སུ་བཀག་ན་དཀའ་ངལ་འཕྲད་སྲིད་ཅེས་ཐེ་ཚོམ་བཟུང་ནས་ཨ་མི་རི་ཀའི་ལངས་ཕྱོགས་དེར་རྒྱབ་སྐྱོར་ཆ་ཚང་ཞིག་བྱེད་ཀྱི་ཡོད་མེད་པ་རེད།།

ཕྱི་ཟླ་༢་ཚེས་༨་ཉིན་ཡུ་རོབ་མཉམ་འབྲེལ་གྱི་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བརྡ་འཕྲིན་བཟོ་ཚོང་ཁང་གི་ཁ་པར་གྱི་ཡོད་བྱད་དང་། རྒྱ་ནག་གི་འཕྲིན་ལམ་རྣམས་བཀོལ་སྤྱོད་བྱས་ན་ཨ་མི་རི་ཀར་བརྡ་འཕྲིན་གྱི་འབྲེལ་བ་འཛིན་དཀའ། རྒྱ་ནག་གི་ཁ་པར་ཡོ་བྱད་དང་འཕྲིན་ལམ་བཀོལ་སྤྱོད་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་གསང་བའི་གནས་ཚུལ་སྤྲོད་ལེན་གྱི་འབྲེལ་བ་འཛིན་རྒྱུ་མིན། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་གདམ་ཀ་མ་ནོར་བ་ཞིག་བྱ་དགོས་ཞེས་ཉེན་བརྡ་བཏང་ཞིང་། འཇར་མན་ཎིའི་གཞུང་ལ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲིན་ལམ་བཀག་འགོག་བྱ་འཆར་ཡོད་མེད་ངེས་གཏན་མེད་རུང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ཅིག་གིས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲིན་ལམ་བཀོལ་སྤྱོད་བྱ་རྒྱུ་མིན་པའི་ཐག་བཅད། ཨ་མི་རི་ཀའི་མཐུན་གྲོགས་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། ཉི་ཧོང་དང་ཐེ་ཝན་སོགས་ཀྱིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲིན་ལམ་བཀོལ་སྤྱོད་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད།།

XS
SM
MD
LG