ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་མི་ཞིག་གི་གཏན་སྡོད་ཐོབ་ཐང་ཕྱིར་བསྡུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་སྤྱི་ཚེས་༣་ཉིན་ཨོ་གླིང་རྒྱལ་ཁབ་གཞུང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཧོང་ཞཱང་མོ་ལ་ཨོ་གླིང་རྒྱལ་ཁབ་ཏུ་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲད་ཡོད་པ་ཕྱིར་བསྡུ། ཁོ་པར་རྒྱལ་ཁབ་དེའི་སྤྱི་དམངས་ཀྱི་ཁོངས་སུ་ཞུགས་མི་ཆོག་པའི་ཐག་གཅོད་བྱས་འདུག་ཅེས་སི་ཌི་ཎི་ཞོགས་པའི་ཚགས་པར་སོགས་སུ་གནས་ཚུལ་སྤེལ་འདུག

འདི་ནི་ཨོ་གླིང་རྒྱལ་ཁབ་གཞུང་གིས་སོ་སོའི་རྒྱལ་ཁབ་དེར་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་གཏོགས་དང་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ་འབད་བརྩོན་བྱེད་བཞིན་པའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་ཞིང་། ཧོང་ཞཱང་མོ་ནི་རྒྱ་ནག་ལྷོ་ཕྱོགས་སུ་སྐྱེས་ཀྱང་སྤྱི་༢༠༡༡་ལོར་བཟའ་ཟླ་བུ་ཕྲུག་དང་བཅས་པ་ཨོ་གླིང་རྒྱལ་ཁབ་ཏུ་གནས་སྤར་བྱས་ནས་རྒྱལ་ཁབ་དེར་ས་ཁང་ཉོ་ཚོང་གི་བཟོ་ཚོང་ལས་གཉེར། དུས་རྒྱུན་ཁོ་པ་ཨོ་གླིང་རྒྱལ་ཁབ་ཀྱི་རོགས་སྐྱོར་ཚོགས་པ་ཁག་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་ལའང་འབྲེལ་བ་ཡོད་པའི་མི་ཞིག་ཡིན་སྐད། ཧོང་ཞཱང་མོས་ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སམ་ཌ་སི་ཊི་ཡ་རི་ལ་དངུལ་གྱི་རྒྱབ་སྐྱོར་བྱས་མྱོང་ཡོད་པར་མ་ཟད། ཁོ་པ་དངོས་སུ་ཌ་སི་ཊི་ཡ་རིའི་ལྷན་དུ་བཅར་ནས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་བཀོད་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཁག་ལའང་མཉམ་ཞུགས་བྱས་མྱོང་།།

གསར་འགོད་ལྷན་ཚོགས་ཐོག་ཏུ་ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཌ་སི་ཊི་ཡ་རི་ཡིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་དུ་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད། ཁོ་པའི་ལྟ་ཚུལ་དེ་ནི་རང་ཉིད་ཁོངས་སུ་ཞུགས་ཡོད་པའི་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་དེས་འཛིན་བཞིན་པའི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་སྲིད་ཇུས་ལ་རྒྱབ་འགལ་དུ་གྱུར། དེར་བརྟེན་གནད་དོན་འདིར་སྲིད་དོན་ཚོགས་པའི་ནང་ཁུལ་དུ་རྩོད་གླེང་ཆེན་པོ་བྱུང་། མཐར་གྲོས་ཚོགས་འཐུས་མི་སམ་ཌ་སི་ཊི་ཡ་རི་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་དེ་ནས་ཕྱི་ལ་འབུད་དགོས་ཐུག་ཅིང་། ༢༠༡༧་ལོ་ནས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཧོང་ཞཱང་མོ་ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་གླེང་གཞི་ཆེ་ཤོས་ཤིག་ཏུ་གྱུར།།

རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཧོང་ཞཱང་མོའི་གནད་དོན་འདིར་ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཱད་རོ་ཕད་ཨིན་ལ་ཨོ་གླིང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བཅར་འདྲི་བྱས་པའི་སྐབས་སུ་ཁོ་མོས་ཨོ་གླིང་རྒྱལ་ཁབ་གཞུང་གིས་རྒྱ་ནག་ནས་ཡོང་བའི་མིང་གྲགས་ཅན་གྱི་མི་སྣ་ཞིག་གི་རྒྱལ་ཁབ་འདིར་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲད་ཡོད་པ་ཕྱིར་བསྡུ་བྱས་པའི་གནས་ཚུལ་ཐོན་པ་དངོས་ཡོད་ཡིན། ད་སྔ་རྒྱ་ནག་གཞུང་གིས་གནས་ཚུལ་འདིའི་ཐད་དུ་ངོ་རྒོལ་གྱི་གཏམ་བཤད་ཅི་ཡང་སྤེལ་མ་སོང་། ངས་གནད་དོན་འདི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགལ་ཟླ་སློང་བའི་རྒྱུ་རྐྱེན་ཞིག་ཏུ་མི་འགྱུར་བའི་རེ་བ་འཆང་ཡོད་ཅེས་བཤད།།

འོན་ཀྱང་ཐེངས་འདིའི་བཅར་འདྲིའི་སྐབས་སུ་ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱུ་མཚན་གཞན་ཞིག་དྲངས་ནས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་དེ་ཨོ་གླིང་རྒྱལ་ཁབ་ཏུ་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་ཕྱིར་བསྡུས་བྱས་པའི་ཞིབ་ཕྲའི་གནས་ཚུལ་རྣམས་འགྲེལ་བཤད་བརྒྱབ་མེད་པ་རེད། དབྱེ་ཞིབ་ཚོས་ཨོ་གླིང་རྒྱལ་ཁབ་གཞུང་གིས་རང་གི་ཆབ་སྲིད་ལ་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པར་ཚོད་འཛིན་བྱ་རྒྱུ་མགོ་བརྩམས་པ་ཞིག་ལ་ངོས་འཛིན་བཞིན་པ་རེད།།

རྒྱ་ནག་གཞུང་གིས་ལོ་མང་རིང་ལ་ཨོ་གླིང་རྒྱལ་ཁབ་ཏུ་རྒྱ་ནག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་རྒྱ་སྐྱེད་བྱ་རྒྱུར་ཤུགས་སྣོན་གི་ཡོད་པ་དང་། ཨོ་གླིང་རྒྱལ་ཁབ་གཞུང་གིས་ཀྱང་རྒྱ་ནག་གི་ཤུགས་རྐྱེན་འགོག་རྒྱུའི་ཆེད་དུ་སྤྱི་ལོི་༢༠༡༨་ལོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་ཁྲིམས་གཞི་ཁག་ཅིག་གཏན་ལ་ཕབ། ད་དུང་མུ་མཐུད་དུ་ཨོ་གླིང་རྒྱལ་ཁབ་གཞུང་གིས་སོ་སོའི་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་འགྱུར་གྱི་ཡོད་པའི་རྒྱ་ནག་པ་ཚོར་རྒྱ་གཞུང་གིས་སུན་གཙེར་བྱེད་པའམ། ཡང་ན་འཇིགས་སྐུལ་བྱེད་བཞིན་པ་ཚོར་སྲུང་སྐྱོབ་བྱ་དགོས་པའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG