ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༡/༡༦

རྒྱ་ནག་གི་ཆོས་དད་རང་དབང་སྡུག་ཤོས་ཀྱི་ལོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཚེས་༥་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཤུལ་བཞག་ཐེབས་རྩ་ཁང་གིས་རྒྱ་ནག་གི་ཆོས་ལུགས་དད་མོས་རང་དབང་ལ་བགྲོ་གླེང་ཚོགས་འདུ་ཤིག་བསྐོངས། ཚོགས་འདུ་དེར་རྒྱ་ནག་གི་ཆོས་ལུགས་དད་མོས་རང་དབང་ལ་དོ་སྣང་བྱེད་མཁན་གྱི་གནད་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་ཀྱིས་རྒྱ་གཞུང་གིས་ཆོས་ལུགས་དད་མོས་རང་དབང་ལ་དམ་དྲག་བྱེད་བཞིན་པར་ཨ་རིའི་ངོས་ནས་ཐབས་ཇུས་ཅི་ཞིག་བཀོལ་དགོས་མིན་སོགས་ལ་བགློ་གླེང་བྱས་འདུག

ད་ཐེངས་ཀྱི་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་འདས་པའི་༢༠༡༨་ལོར་རྒྱ་ནག་ཏུ་ཡེ་ཤུའི་ཆོས་ཚོགས་ཁག་ཅིག་ཁ་གཏོར་བཏང་བ་དང་ཞིན་ཅང་གི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་པོ་ཞིག་བཀག་ཉར་ཁང་དུ་བཅུག་པ། བོད་ཀྱི་ནང་པའི་རྗེས་འཇུག་པ་ཚོར་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་པ་སོགས་རྒྱ་ནག་གི་ཆོས་ལུགས་དད་མོས་རང་དབང་ལ་སྔར་བྱུང་མ་མྱོང་བའི་དམ་དྲག་ནན་པོ་ཐེབས་འདུག་ཅེས་གཅིག་གྱུར་གྱིས་ངོས་འཛིན་བྱས་ཤིང་། ཨ་རིའི་རྒྱ་ནག་རོགས་སྐྱོར་ལྷན་ཚོགས་ཀྱིས་ཉེ་ཆར་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་དུའང་སྤྱི་ལོ་༢༠༡༨་ལོར་རྒྱ་ནག་གི་ཆོས་སྲིད་གཉིས་ཀྱི་འབྲེལ་ལམ་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་ནི་ཆབ་སྲིད་ཀྱི་དབང་ཤུགས་དེས་ཆོས་ལུགས་ལ་ཐལ་དྲགས་པའི་དབང་སྒྱུར་བྱེད་ཀྱི་ཡོད་པར་ཐུག་ཅིང་། རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་ཁང་དུ་རྒྱལ་གླུ་ལེན་དུ་འཇུག་བཞིན་པ་དང་མའོ་ཙེ་ཏུང་། ཞིས་ཅིན་ཕིང་གི་འདྲ་པར་རྣམས་ཆོས་ཁང་གི་འཆད་ཁྲིད་སྟེགས་བུའི་གཞོགས་གཉིས་སུ་སྦྱར། དེ་སྔོན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་སུ་གཏོགས་པའི་རྒྱ་ནག་ཆོས་ལུགས་ལས་དོན་ལྷན་ཁང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འོག་ཏུ་བསྡུས། རྒྱ་ནག་དམར་ཤོག་ཚོགས་པས་མངོན་སུམ་འཛེམ་མེད་ཀྱིས་ཆོས་ལུགས་དད་མོས་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་བཀོད།།

ཨ་རིའི་རྒྱ་ནག་རོགས་སྐྱོར་ལྷན་ཚོགས་ཀྱི་འགན་འཛིན་པོ་ཤི་ཆུག་གིས་ཀྱང་འདས་པའི་ལོ་གཅིག་གི་རིང་དེར་རྒྱ་ནག་གི་ཆོས་ལུགས་ཡོད་ཚད་ལ་དམ་་དྲག་དང་བརྡབ་གསིག་ཆེན་པོ་བཏང་ཞིང་། ད་ལྟའི་རྒྱ་གཞུང་གི་ཆོས་ལུགས་སྲིད་ཇུས་ནི་རིག་གནས་གསར་བརྗེའི་སྐབས་ལས་ཀྱང་སྡུག་ཏུ་ཕྱིན་འདུག ཐ་ན་འཇར་མན་ན་ཛིའི་སྐབས་ལས་ཀྱང་སྡུག་ཏུ་སོང་། སྤྱི་ལོ་༡༩༣༥་ནས་༡༩༤༥་བར་གྱི་འཇར་མན་ན་ཛའི་དབང་སྒྱུར་གྱི་དུས་སྐབས་སུའང་ཆོས་ཁང་ཁག་གི་འཆད་སྟེགས་མདུན་དང་མགོ་ཐོག་ཏུ་ན་ཛའི་ཚོགས་པའི་ལས་རྟགས་འགེལ་དགོས་བྱུང་བ་ཇི་བཞིན་རྒྱ་ནག་གི་བྱེད་སྟངས་ཀྱང་ན་ཛི་འཇར་མན་ཎི་དང་གཅིག་པ་རེད་ཅེས་བཀོད།།

གཞན་ཡང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཚོགས་པའི་ཚོགས་གཙོ་ཐོའུ་ཨར་ཁིས་རྒྱ་ནག་གི་ཆོས་ལུགས་དད་མོས་ཀྱི་དཀའ་ངལ་འདི་སེལ་བར་མུ་མཐུད་དུ་རྒྱ་ནག་གི་སྐྱོན་ཆ་ཐེར་འདོན་བྱ་གལ་ཆེ། དེང་སྐབས་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་གཞུང་གིས་ཀྱང་སྔར་བཞིན་རྒྱལ་སྤྱིའི་སྟེང་གི་ཆེ་མཐོང་ལ་དོ་སྣང་བྱེད་ཀྱི་ཡོད་པས་ཆོས་ལུགས་དད་མོས་རང་དབང་ལ་དོ་ཕོག་བྱེད་མཁན་ཚོ་ཡོངས་གྲགས་ཀྱིས་མིང་འདོན་བྱས་ནས་རྒྱ་ནག་ངོ་ཚར་གཏོད་དགོས་རྒྱུ་ཐབས་ལམ་གལ་ཆེན་ཞིག་ཡིན། ང་ཚོས་དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་ནས་སྐད་ཆ་དྲང་མོར་བཤད་དགོས། ལྐོག་ནས་གྲོས་མོལ་བྱེད་པ་དང་ཁུ་སིམ་གྱི་སྒོ་ནས་ཕྱི་འབྲེལ་འཛུགས་པ། རྒྱ་ནག་མི་དམངས་ཀྱི་སེམས་ཚོར་ལ་གནོད་འཚེ་བྱེད་མི་ཉན། རྒྱ་ནག་གཞུང་ལ་ཁོང་ཁྲོ་སློང་མི་ཉན་ཟེར་བ་སོགས་ཀྱི་སྲོལ་རྒྱུན་གྱི་འགྲོ་སྟངས་དེ་དག་ལ་གྲུབ་འབྲས་འཐོན་མི་ཐུབ་ཅེས་བཤད།།

ཐེ་ཝན་ཏུ་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པའི་རྒྱུན་ལས་དང་གསར་འགོད་པ་དབྱང་ཞན་ཧོང་གིས་བརྡ་འཕྲིན་བཀག་རྒྱའི་ལྕགས་རི་བརྟན་པོ་ཞིག་གི་ནང་དུ་ཚུད་པའི་རྒྱ་ནག་ལ་མཚོན་ན་རྒྱང་སྒྲོག་རླུང་འཕྲིན་ནི་རྒྱ་ནག་མི་དམངས་ཀྱིས་དམངས་གཙོའི་རིན་ཐང་ལ་རྒྱུས་ལོན་བྱ་སའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པས་རླུང་འཕྲིན་རྒྱང་སྲིད་ཡར་རྒྱས་གཏོང་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་ཞེས་བཤད། ད་དུང་མཁས་པ་ཚོས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་ཆོས་ལུགས་དད་མོས་རང་དབང་སོགས་ལ་མུ་མཐུད་དུ་ཚ་འདྲི་དང་ཉེས་ཆད་གཅོད་དགོས་ཞེས་ནན་སྐུལ་བྱས་འདུག

XS
SM
MD
LG