རྒྱ་ནག་གི་ཆབ་སྲིད་དཔྱད་ཞིབ་པ་ཏིན་ཡོས་ཝེན་གྱིས་ཉེ་ཆར་རྒྱ་ནག་གི་ཆབ་སྲིད་བདེ་འཇགས་ཐད་ཀྱི་ཉེན་ཁ་ཆེན་པོ་དགུ་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཡོད་ཅིང་། རྩོམ་ཡིག་དེའི་ནང་དུ་སྲིད་འཛིན་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་ནས་བཟུང་སྟེ་རྒྱ་ནག་གི་སྤྱི་ཚོགས་སུ་གནད་དོན་མང་པོ་ཞིག་བྱུང་སོང་། གནད་དོན་དེ་དག་གི་ཁ་ཤས་ནི་ཧ་ཅང་གི་ཚབས་ཆེན་ཞིག་ཡིན་པས་མ་འོིངས་པར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་འཛིན་སྐྱོང་ལ་བརྡབ་གསིག་ཆེན་པོ་ཞིག་འཕོག་སྲིད་ཅེས་བཀོད།།
ཚབས་ཆེའི་གནད་དོན་གཅིག་ནི་རྒྱ་ནག་གིས་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ལོ་བཞི་བཅུའི་རིང་ལ་ལོ་ལྟར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་བཅུ་རེ་འཕར་ཡོད་པས་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་མུ་མཐུད་དུ་འཛིན་སྐྱོང་ཆོག་པའི་རྩ་བའི་རྨང་ཞིར་གྱུར། ཡིན་ནའང་ཉེ་བའི་ལོ་ཤས་རིང་ལ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་འགྲོ་འགོི་ཚུགས། འདི་ནི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་སེལ་ཐུབ་པའི་དཀའ་ངལ་ཞིག་མིན། ད་ལོའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་བརྒྱ་ཆ་དྲུག་ནས་བརྒྱ་ཆ་དྲུག་དང་གྲངས་ཆུང་ལྔ་ཡས་མས་ཤིག་ལས་འཕར་ཐུབ་མེད་པས་ཛ་དྲག་ཆེ་བའི་རྟགས་མཚན་ཞིག་ཡིན། དཔལ་འབྱོར་རིག་པའི་མཁས་པ་ཚོས་རྒྱ་ནག་རྒྱལ་ཁབ་སྤྱིའི་གནས་སྟངས་ལ་གཞིགས་ན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་དྲུག་གི་འོག་ཏུ་མར་ལྷུང་ན་ཉེན་ཁ་ཡོད། དེ་ལྟར་བྱུང་ན་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དོ་སྙོམས་མེད་པར་རྒྱལ་ནག་དབུས་གཞུང་དང་ས་གནས་སྲིད་གཞུང་ཁག་གི་ནོར་སྲིད་ཀྱི་ཡོང་སྒོ་དང་། སྤྱི་ཚོགས་ཀྱི་འགན་སྲུང་མ་དངུལ། ལས་བགོས་ཀྱི་ཚད་གཞི་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད་ཅེས་བསྟན།།
གཞན་ཡང་རྒྱ་ནག་མི་དམངས་ཀྱི་ཡོང་སྒོི་འཚོལ་སྟངས་ལ་འདྲ་མཉམ་དང་ལུགས་མཐུན་གྱི་སྒྲིག་གཞི་ཞིག་མེད་པས་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་ཡོད་པ་འདིས་སྤྱི་ཚོགས་ལ་གྲལ་རིམ་གཉིས་སུ་བཀར་ཡོད་ཅིང་། གྲལ་རིམ་འདི་གཉིས་ཀྱི་འགལ་བས་རྒྱ་ནག་གི་ཆབ་སྲིད་ལ་ཉེན་ཁ་སློང་སྲིད། རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཇུག་འབྲས་སུ་རྒྱ་ནག་ལ་ཁེ་གཉེར་བཟོ་ཚོང་ཁང་ཆེ་ཆུང་མང་པོ་ཞིག་ཡོད་ཀྱང་ཁེ་གཉེར་ཁང་དེ་དག་ལ་དབང་ཤུགས་ཡོད་པའི་གཞུང་གི་འགོ་ཁྲིད་ཚོས་བདག་པོ་བརྒྱབ་སྟེ་ཆབ་སྲིད་ཀྱི་དབང་ཆས་དཔལ་འབྱོར་དང་ཚོང་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་འདུག རྒྱ་གཞུང་གི་སྲིད་ཇུས་དང་ཐག་གཅོད་མང་པོ་ཞིག་ཁེ་གཉེར་བའི་ཁེ་ཕན་ལ་དམིགས་ནས་གཏན་འབེབས་བྱེད་ཀྱི་ཡོད་པས་རྒྱལ་ཁབ་ཀྱི་རྒྱུ་ནོར་མང་པོ་ཞིག་དབང་ཆ་ཡོད་པའི་མི་ཚོའི་ལག་ཏུ་འཁོར་རྒྱུག་བྱེད་བཞིན་ཡོད་པའང་ཉེན་ཁ་ཞིག་རེད།།
དེ་མིན་རྒྱ་ནག་གི་གྲོང་གསེབ་ཁག་གྲོང་ཁྱེར་ཅན་དུ་སྒྱུར་པའི་གོ་རིམ་ཁྲོད་དུ་གྲོང་ཁྱེར་གྱི་མི་འབོར་མང་དུ་ཕྱིན་ཀྱང་མི་མང་གི་འཚོ་བའི་གནད་དོན་ཐག་གཅོད་མ་ཐུབ་པས་གྲོང་ཁྱེར་ཁག་ཏུ་འཁྱམ་པོ་དང་རྐུན་མ་མང་དུ་སོང་སྟེ་གཞུང་དམངས་བར་དང་དབུལ་ཕོངས་དང་ཕྱུག་པོ། བསམ་བློའི་ལྟ་གྲུབ་མི་འདྲ་བ་བཅས་བར་དུ་འགལ་ཟླ་ཆེན་པོ་སློང་། ད་ལྟའི་བརྡ་འཕྲིན་དྲ་རྒྱའི་བརྒྱུད་ལམ་ཁག་ལ་གཞུང་གིས་སྟངས་འཛིན་ཆེན་པོ་བྱེད་བཞིན་པར་མི་དམངས་ཀྱིས་ངོ་རྒོལ་བྱས་ཏེ་མ་འོངས་པར་རྒྱ་ནག་ལ་ཨ་རབ་ཀྱི་མེ་ཏོག་གསར་བརྗེ་ལྟ་བུ་ཞིག་འབྱུང་མི་སྲིད་པའི་ངེས་པ་མེད། རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་སོགས་ཀྱི་མི་དམངས་ལ་ཇི་ལྟར་དྲག་གནོན་ཆེ་རུ་བཏང་ན་མི་རིགས་ཀྱི་འགལ་ཟླ་དེ་བས་ཀྱང་སྡུག་ཏུ་འགྲོ་བཞིན་ཡོད་པས་གནས་སྟངས་འདི་ལྟ་བུའི་འོག་ཏུ་མི་རིགས་ཁག་གི་འགལ་ཟླ་ཇེ་ཆེར་སོང་སྟེ་རྒྱ་ནག་གི་གཅིག་གྱུར་ལ་གནོད་པ་ཐེབས་སྲིད། སྲིད་འཛིན་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ཏུ་མཐོ་རིམ་འགོ་ཁྲིད་མང་པོ་ཞིག་འཛིན་བཟུང་བྱས་ཀྱང་མི་དམངས་ལ་སྲིད་གཞུང་ནི་རུལ་སུངས་མིན་པ་ཞིག་གི་འདུ་ཤེས་ད་དུང་ཡང་སླེབས་ཐུབ་ཀྱི་མེད་པས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མི་དམངས། རྒྱ་ནག་དམར་ཤོག་ཚོགས་པ་དང་མི་དམངས་ལ་འགལ་ཡོད་པ་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་སོགས་ནི་རྒྱ་ནག་ལ་འཕྲད་སྲིད་པའི་ཉེན་ཁ་ཡིན་པར་བཤད་འདུག
ཆབ་སྲིད་དཔྱད་ཞིབ་པ་དང་རྩོམ་པ་པོ་ཏིན་ཡོས་ཝེན་ནི་༡༩༦༨་ལོར་རྒྱ་ནག་གི་ཅང་ཤི་ཞིང་ཆེན་དུ་སྐྱེས་ཤིང་། དེ་སྔོན་རྒྱ་ནག་དབུས་གཞུང་ཏང་གི་སློབ་གྲྭའི་སློབ་སྦྱོང་དུས་བབ་ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་ཞུ་ཆེན་གཞོན་པའི་ལས་འགན་ཁུར་མྱོང་། ཕྱིས་སུ་ཁོ་པས་ལས་གནས་དེ་བཞག་སྟེ་ད་ལྟ་ཨ་རིར་ཡོད་པ་དང་། ཁོང་གིས་རང་དབང་གི་ཐོབ་ཐང་སོགས་རང་དབང་དང་དམངས་གཙོ་བརྗོད་གཞི་བྱས་པའི་དེབ་དང་རྩོམ་ཡིིག་མང་པོ་སྤེལ། དེང་སྐབས་ཁོ་པ་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་རྒྱ་ཡིག་སྡེ་ཚན་པའི་ཆེད་བརྗོད་དཔྱད་ཞིབ་པའི་ལས་འགན་འཁུར་བཞིན་ཡོད་པ་རེད།།