༄༅།། ཨ་མི་རི་ཀའི་ཀུ་ཤུ་བཟོ་ཚོང་ཁང་གིས་ཁ་ལོ་བ་མི་དགོས་པར་རང་འགུལ་གྱིས་འགྲོ་སྐྱོད་ཐུབ་པའི་རླངས་འཁོར་གསར་པ་ཞིག་བཟོ་སྐྲུན་བྱེད ཀྱི་ཡོད་ཅིང་། མི་རིགས་རྒྱ་ནག་པ་ཡིན་པའི་བཟོ་བཀོད་པ་ཁྲེན་ཅི་ཀྲུང་ཞེས་པ་ཞིག་གིས་ཨ་རིའི་ཀུ་ཤུ་བཟོ་ཚོང་ཁང་གི་འཕྲུལ་རིག་ལག་རྩལ་གྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་གྱིས་ཁོ་པ་བདུན་ཕྲག་སྔོན་མར་རྒྱ་ནག་ལ་མཁའ་ལམ་བརྒྱུད་ནས་འགྲོ་རྩིས་བྱེད་ཀྱི་ཡོད་པའི་མཚམས་དེར་ཨ་མི་རི་ཀས་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་མི་དེར་ཀུ་ཤུ་བཟོ་ཚོང་ཁང་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པའི་ནག་ཉེས་བཙུགས་འདུག
ཀུ་ཤུ་བཟོ་ཚོང་ཁང་གིས་རང་གི་འཕྲུལ་རིག་ལག་རྩལ་གྱི་གསང་བའི་གནས་ཚུལ་དེ་རྣམས་ཕྱི་ལ་ཤོར་ཡོད་ན་གྱོང་གུད་གསབ་ཐབས་བྲལ་བ་ཞིག་ཕོག་ཡོད་ངེས་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། འདི་ནི་དུས་ཡུན་ཟླ་བ་༦་གི་ནང་ཚུད་དུ་མི་རིགས་རྒྱ་ནག་པ་ཡིན་པ་གཉིས་ལ་ཨ་མི་རི་ཀའི་ཀུ་ཤུ་བཟོ་ཚོང་ཁང་གི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱས་པའི་ནག་ཉེས་པ་ཕོག་པ་ཐེངས་གཉིས་པ་ཡིན། ཀུ་ཤུ་བཟོ་ཚོང་ཁང་གིས་ཁ་ལོ་བ་མེད་པའི་རླངས་འཁོར་ཞིག་བཟོ་སྐྲུན་བྱེད་པའི་ལས་གཞི་ཞིག་གཉེར་གྱི་ཡོད་པ་ཕྱི་ལ་གསང་བ་བྱེད་ཀྱི་ཡོད་པར་མ་ཟད། གཟའ་འཁོར་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་དོན་གྱི་རྐུ་བཅོམ་བྱས་པ་དང་ཁྲིམས་གཅོད་ལ་འགལ་རྐྱེན་བསླངས་པའི་ཁ་མཆུ་བཙུགས་ནས་ཁྲིམས་ལ་སྦྱར། ཨ་རི་དང་རྒྱ་ནག་གཉིས་ཀྱིས་མ་འོངས་པར་འཛམ་གླིང་གི་འཕྲུལ་རིག་ལག་རྩལ་ལ་སུས་དབང་སྒྱུར་བྱེད་ཐུབ་རྒྱུ་ཡིན་མིན་གྱི་འགྲན་རྩོད་ཆེན་པོ་ཞིག་མགོ་བརྩམས།།
ཟླ་བ་འདིའི་མགོ་སྟོད་དུ་ཀུ་ཤུ་བཟོ་ཚོང་ཁང་གི་ལས་བྱེད་པ་གཞན་ཞིག་གིས་བཟོ་བཀོད་པ་ཁྲེན་ཅི་ཀྲུང་གིས་ཁ་ལོ་བ་མེད་པའི་རླངས་འཁོར་དེར་པར་རྒྱག་གི་ཡོད་པ་མིག་གིས་མཐོང་ནས་དོགས་པ་བྱུང་ཞིང་། དེར་བརྟེན་ཀུ་ཤུ་བཟོ་ཚོང་ཁང་གིས་ཁྲེན་ཅི་ཀྲུང་ལ་ཞིབ་འཇུག་བྱས་པས་མི་དེའི་སྒེར་བདག་རྩིས་འཁོར་ནང་དུ་གསང་བའི་གནས་ཚུལ་གྱི་ཡིག་སྣོད་༢༠༠༠་ལྷག་ཕབ་ལེན་བྱས་ཡོད་པ་དང་། ད་དུང་ཁྲེན་གྱི་ལས་དོན་སྒྲུབ་སའི་བཟོ་ཚོང་ཁང་གི་གསང་བའི་གནས་ཚུལ་མང་པོ་ཞིག་པར་བརྒྱབ་ནས་གསོག་ཉར་བྱས་འདུག་ཅེས་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་བཀོད། ན་ནིང་ཕྱི་ཟླ་༧་པའི་ནང་དུ་ཀྲང་ཞའོ་ལེང་ཞེས་པའི་བཟོ་བཀོད་པ་ཞིག་གིས་ཀྱང་ཀུ་ཤུ་བཟོ་ཚོང་ཁང་ལ་ལས་དོན་སྒྲུབ་པའི་རིང་དེར་ཁ་ལོ་བ་མེད་པའི་རླངས་འཁོར་གྱི་འཕྲུལ་རིག་ལག་རྩལ་དང་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་འདུག
ཨ་མི་རི་ཀའི་དབུས་ཞིབ་གཅོད་ལྷན་ཁང་གིས་ཀུ་ཤུ་བཟོ་ཚོང་ཁང་གི་རྩིས་འཁོར་རྣམས་སྒེར་གྱི་རྩིས་འཁོར་སོགས་ལ་མཐུད་ཆོག་གི་མེད་ཀྱང་བཟོ་བཀོད་པ་དེ་དག་གིས་ཀུ་ཤུ་བཟོ་ཚོང་ཁང་གི་སྒྲིག་ཁྲིམས་ལ་བརྩི་མེད་བཏང་ནས་ལས་ཁུངས་ཀྱི་རྩིས་འཁོར་རྣམས་སྒེར་རྩིས་འཁོར་ལ་མཐུད་པ་ཡིན་ཞེས་ངོས་ལེན་བྱས་པའི་གནས་ཚུལ་སྤེལ།།
འདྲ་པར་གཉིས་ཀྱིས་ཁྲེན་ཅི་ཀྲུང་ལ་ནག་ཉེས་འཕྲལ་དུ་འཛུགས་ཐུབ་པ་སྟེ། འདྲ་པར་གཅིག་ནི་ཁ་ལོ་བ་མེད་པའི་རླངས་འཁོར་དེའི་གློག་སྐུད་སྒྲིག་སྟངས་ཀྱི་འདྲ་པར་ཡིན་པ་དང་འདྲ་པར་གཞན་པ་དེ་ནི་ཁ་ལོ་བ་མེད་པའི་རླངས་འཁོར་དེའི་ལྷུ་ལག་སྒྲིག་སྟངས་ཀྱི་འདྲ་པར་ཡིན་ཞིང་། བདུན་ཕྲག་སྔོན་མར་ཁྲེན་ཅི་ཀྲུང་གིས་རང་གི་ཕྱིར་སྐྱོད་ལག་འཁྱེར་ཨ་རིའི་གཞུང་ལ་རྩིས་སྤྲོད་བྱས་ཤིང། ཁོ་པས་ཨ་སྒོར་འབུམ་༡་གཏའ་མར་བཞག་སྟེ་བཙོན་ཁང་ནས་གློད་གྲོལ་ཐོབ། ཁྲེན་ཅི་ཀྲུང་གིས་རྒྱ་ནག་གི་རླངས་འཁོར་བཟོ་ཚོང་ལས་ཁང་ཞིག་དང་དེ་མིན་གྱི་བཟོ་ཚོང་ལས་ཁང་གཞན་ཞིག་ལ་ལས་ཀ་བཙལ་ཡོད་པ་རྩད་གཅོད་བྱུང་འདུག ཁོ་པས་ངས་རང་གི་ལས་ཀ་བརྟན་པོ་ཡོང་བའི་ཆེད་དུ་ཀུ་ཤུ་བཟོ་ཚོང་ཁང་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པ་ཡིན། གལ་སྲིད་ང་ལ་ཀུ་ཤུ་བཟོ་ཚོང་ཁང་གི་ལས་ཀ་མེད་པར་གྱུར་ན་འཚོ་བརྟེན་གྱི་ཆེད་དུ་གསང་བའི་འཕྲུལ་རིག་ལག་རྩལ་རྣམས་རྐུ་འཁྱེར་བྱས་པ་ཡིན་ཞེས་ཁས་བླངས་པའི་གནས་ཚུལ་སྤེལ་འདུག