ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རི་དང་ཐེ་ཝན་གྱི་འབྲེལ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ཉམས་ཞིབ་ཁང་གི་འགན་འཛིན་བྷུ་རན་ཊི་ཁེ་རོ་སི་ཊིན་གྱིས་ཐེ་ཝན་དང་རྒྱ་ནག་སྟེ། མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་ནི་ཨ་རིའི་ཁེ་ཕན་ལ་འབྲེལ་བ་དམ་ཟབ་ཡོད། ཐེ་ཝན་དང་རྒྱ་ནག་གཉིས་ཀྱིས་བཟང་ཕྱོགས་ཀྱི་གྲོས་མོལ་བྱ་དགོས་པ་ལས་དྲག་སྤྱོད་ཀྱི་སྒོ་ནས་འཇིགས་སྐུལ་བྱས་ཏེ་ཕན་ཚུན་འགལ་ཟླ་མི་སློང་བའི་རེ་བ་ཡོད། མ་འོངས་པར་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་གཏོང་གི་ཡིན། ཐེ་ཝན་གྱི་བདེ་འཇགས་ཐད་དུའང་མཉམ་འབྲེལ་བྱ་འཆར་ཡོད་ཅེས་བཤད་འདུག

འདི་ནི་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ཞིབ་འཇུག་ཁང་གི་འགན་འཛིན་ལ་ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་གྱི་གནད་དོན་ཐོག་ཏུ་གཏམ་བཤད་བྱས་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་འོག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཟེར་པ་དེར་ཨ་མི་རི་ཀར་ལྟ་ཚུལ་ཅི་ཡོད་་བཅར་འདྲི་བྱས་པར་ལན་འདེབས་བྱས་པ་ཞིག་ཡིན་ཞིང་། ཁ་སྔོན་སྤྱི་ཟླ་དང་པོའི་ཚེས་གཉིས་ཀྱི་ཉིན་རྒྱ་ནག་གིས་སྲིད་འཛིན་ཞིེས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་ཀས་ངེས་པར་དུ་རྒྱ་ནག་གི་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། ཐེ་ཝན་དང་རྒྱ་ནག་གཉིས་ཧོང་ཀོང་གི་ལམ་སྲོལ་ལྟར་གཅིག་གྱུར་བྱ་དགོས། ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱེད་པར་རྒྱ་ནག་གཞུང་གིས་དམག་བརྒྱབ་ནས་དྲག་གནོན་བྱ་རྒྱུ་མིན་ཞེས་ཁས་ལེན་བྱ་མི་ཐུབ་ཅེས་བཤད།།

ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འཕྲལ་དུ་ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ངོས་ལེན་བྱ་ཐབས་མེད། ཐེ་ཝན་གྱིས་རྒྱ་ནག་གཅིག་གི་རྩ་དོན་ཟེར་པ་ཞིག་ནམ་ཡང་ཁས་ལེན་བྱས་མྱོང་མེད། ཐེ་ཝན་གྱི་མདུན་ལམ་ནི་མཚོ་གླིང་དེའི་མི་འབོར་ས་ཡ་༢༣་གྱིས་དམངས་གཙོའི་ལམ་ནས་ཐག་གཅོད་བྱ་དགོས་ཞེས་ཞིས་ཅིན་ཕིང་གི་གཏམ་བཤད་ལ་ལན་བཏབ། ཐེངས་འདིར་ཨ་རིའི་ཉམས་ཞིབ་ཁང་གི་འགན་འཛིན་གྱིས་ཨ་རིས་གཏན་འབེབས་བྱས་པའི་ཐེ་ཝན་གྱི་འབྲེལ་ལམ་ཁྲིམས་ཡིག་གི་དོན་ཚན་གཉིས་པའི་ནང་དུ་སུ་ཞིག་གིས་ཐེ་ཝན་གྱི་གནད་དོན་ཞི་བདེ་མ་ཡིན་པའི་ཐབས་ལམ་ཐོག་ཏུ་ཐག་གཅོད་བྱ་ཐབས་བྱས་ཚེ། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་རྒྱུའི་ངོས་འཛིན་བྱེད་བཞིན་ཡོད། ཨ་རིའི་འདི་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད། རྒྱ་ནག་གིས་ཞི་བདེ་མིན་པའི་ཐབས་ལམ་གང་རུང་གིས་ཐེ་ཝན་གྱི་གནད་དོན་ཐག་གཅོད་བྱ་ཐབས་བྱས་ཀྱང་ཨ་རིའི་གཞུང་གིས་དེ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ངས་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ལས་འགན་ཁུར་པའི་རིང་ལ་ཨ་རི་དང་ཐེ་ཝན་གཉིས་ཀྱི་བདེ་འཇགས་མཉམ་འབྲེལ་བྱ་རྒྱུ་ནི་དམིགས་ཡུལ་གཙོ་བོར་བཟུང་ཡོད། ད་དུང་ཨ་རི་དང་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་ཡར་རྒྱས་བཏང་སྟེ་རྒྱལ་སྤྱིའི་སྟེང་དུ་ཐེ་ཝན་གྱི་མཚན་མཐོང་ཇེ་ལེགས་སུ་གཏོང་རྒྱུ། ཐེ་ཝན་མི་དམངས་དང་ཨ་རིའི་མི་དམངས་ཀྱི་འབྲེལ་བར་བརྟེན་ནས་ཐེ་ཝན་དང་ཨ་རིའི་འབྲེལ་བཡར་རྒྱས་གཏོང་རྒྱུ་བཅས་ཚུད་ཡོད། ཐེ་ཝན་ཨ་རིའི་བདེ་འཇགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་བཤད་འདུག

ཨ་རི་དང་ཐེ་ཝན་གྱི་འབྲེལ་ལམ་ཁྲིམས་ཡིག་ནང་དུའང་ཨ་རིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་ཐེ་ཝན་གྱི་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀས་དེང་རབས་ཅན་གྱི་མཚོན་ཆ་བཙོང་དགོས། རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་རྒྱ་ནག་གི་བཙན་འཛུལ་ལ་བར་འགོག་བྱ་དགོས་ཞེས་བཀོད། འདས་པའི་ལོ་གཅིག་གི་ནང་ཚུད་དུ་ཨ་རིས་ཐེ་ཝན་ལ་མུ་མཐུད་དུ་མཚོན་ཆ་བཙོངས་ཡོད་པ་སོགས་ཀྱིས་ཀྱང་ཨ་རིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཐུབ། གཞན་ཡང་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ཉམས་ཞིབ་ཁང་གིས་ཨ་རི་དང་ཐེ་ཝན་གྱི་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རྗེས་དྲན་གྱི་ལས་འགུལ་ཁག་ཅིག་སྤེལ་ནས་ཨ་རིའི་གནད་ཡོད་མི་སྣ་རེ་ཟུང་ཞིག་ཐེ་ཝན་དུ་མགྲོན་འབོད་བྱེད་ཐུབ་པའི་རེ་བ་འཆང་གི་བྱེད་ཀྱི་ཡོད་ཅིང་། སྤྱིར་ཨ་རིས་རྒྱ་ནག་གི་ཁ་རྡུང་ལ་འཛེམ་ཟོན་བྱས་ནས་སྲིད་དོན་གྱི་གནད་ཡོད་མི་སྣ་ཁག་ཐེ་ཝན་ལ་འགྲོ་སྐྱོད་བྱེད་དུ་འཇུག་རྒྱུ་དེར་འཛེམ་ཟོན་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་སྲིད་འཛིན་གྱི་ལས་ཁུར་བཞེས་ནས་བཟུང་སྟེ་ཨ་རིས་ཐེ་ཝན་ལ་འགྲོ་སྐྱོད་བྱེད་ཆོག་པའི་ཁྲིམས་དང་རྒྱལ་སྲུང་ལས་དོན་གྱི་ཁྲིམས་ཡིག་ཁག་ཅིག་གཏན་འབེབས་བྱས་ནས་རྒྱ་ནག་གི་ཁ་རྡུང་བཏང་མིན་ལ་མ་ལྟོས་པར་ཐེ་ཝན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG