ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

འཇོར་ཇཱི་ཧྥར་ནན་ཌ་སི་སྐུ་ཚེ་མ་ཟིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཟུར་པ་དང་ཡུན་རིང་གི་བོད་དོན་རྒྱབ་སྐྱོར་པ་གྲགས་ཅན་འཇོར་ཇཱི་ཧྥར་ནན་ཌ་སི་༢༠༡༩་ལོའི་ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་དགུང་ལོ་༨༨་ཐོག་ཏུ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན། རྒྱ་གར་གཞུང་དམངས་གཉིས་ཀས་རྒྱལ་སྲུང་བློན་ཆེན་ཟུར་པ་དང་ས་མ་ཏ་སྲིད་དོན་ཚོགས་པ་གསར་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་འཛིན་པའི་སྲིད་དོན་པ་དང་སྤྱི་ཚོགས་ལས་འགུལ་བ། རྒྱ་གར་གྱི་ཉམ་ཐག་དབུལ་ཕོངས་ཀྱི་བདེ་དོན་ཆེད་དུ་ལོ་མང་རིང་འཐབ་རྩོད་ལ་ཞུགས་པའི་འཇོར་ཇཱི་ཧྥར་ནན་ཌ་སི་དམ་པ་དེ་ཉིད་ལ་རྗེས་དྲན་དང་མྱ་ངན་བྱེད་ཀྱི་ཡོད་པ་རེད།།

འཇོར་ཇཱི་ཧྥར་ནན་ཌ་སི་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་གསན་མ་ཐག་ཏུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཏེ། ངོས་ཀྱི་ལོ་བཅུ་ཕྲག་ལྔའི་གྲོགས་པོ་ཞིག་སྐུ་ཚེ་མ་ཟིན་པར་བློ་ཕམ་བྱུང་ཞེས་འཇོར་ཇཱི་ཧྥར་ནན་ཌ་སི་དམ་པ་དེ་ཉིད་ཀྱི་ཤུལ་ལུས་ཆུང་མ་ཤྲི་མ་ཏི་ལེ་ལ་ཀ་བིར་ལ་ཐུགས་གསོ་དང་། འཇོར་ཇཱི་ཧྥར་ནན་ཌ་སི་དམ་པ་དེའི་སྐུ་ཚེ་ཧྲིལ་བོ་རླབས་ཆེན་ཞིག་འཁྱོངས་ཡོད་པ་དང་༧གོང་ས་མཆོག་གང་ཉིད་འཇོར་ཇཱི་ཧྥར་ནན་ཌ་སིའི་གྲོགས་པོར་གྱུར་པ་རྣམས་ཕྱིར་དྲན་གནང་སྟེ་གསུང་འཕྲིན་དེར་བཀོད་ཡོད་པར་མ་ཟད། འཇོར་ཇཱི་ཧྥར་ནན་ཌ་སི་དམ་པ་དེ་ཉིད་སྐུ་འཚོ་བཞུགས་ཀྱི་རིང་དེར་དབུལ་ཕོངས་དང་ཉམ་ཐག འགྲོ་བ་མིའི་བདེ་དོན་བསྒྲུབས་པར་བསྔགས་བརྗོད་གནང་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་ཀྱང་ཤྲི་མ་ཏི་ལེ་ལ་ཀ་བིར་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་ནས་དམ་པ་ཁོང་ནི་བོད་དང་བོད་པ་ཚོའི་རླབས་ཆེན་གྱི་མཛའ་གྲོགས་ཤིག་དང་བོད་དོན་གླེང་སློང་བ་བླ་ན་མེད་པ་ཞིག་རེད་ཅེས་གསུངས་འདུག

Former Indian Defence Minister George Fernandes
Former Indian Defence Minister George Fernandes

འཇོར་ཇཱི་ཧྥར་ནན་ཌ་སི་ནི་༡༩༣༠་ལོའི་ཕྱི་ཟླ་༦་ཚེས་༣་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེར་སྐྱེས། ༡༩༤༠་ལོར་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་བྷམ་བྷེར་སྤོར་ཏེ་སྤྱི་ཚོགས་རིང་ལུགས་པའི་ཚོང་ལས་མཐུན་ཚོགས་ཀྱི་ལས་འགུལ་ལ་ཞུགས། ༡༩༦༧་ལོར་བྷམ་བྷེའི་ལྷོ་ཕྱོགས་ཀྱི་ས་ཁུལ་ཞིག་ནས་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཞིང་། ༡༩༧༤་ལོར་མེ་འཁོར་འགྲིམ་འགྲུལ་འགོག་པའི་ལས་བཤོལ་ངོ་རྒོལ་གྱི་འགོ་ཁྲིད། ༡༩༧༥་ལོར་སྲིད་བློན་ཨིན་དྷི་ར་གྷན་དྷིའི་ཛ་དྲག་ཁྲིམས་གཞིར་ངོ་རྒོལ་བྱས་ནས་བཙོན་དུ་བཅུག ༡༩༧༧་ལོར་འཇན་ཏ་གཞུང་འཛིན་ཚོགས་པའི་བཟོ་ལས་བློན་ཆེན་གྱི་ཐུགས་འགན་བཞེས། ༡༩༨༩་ལོར་ཝྭི་བྷི་སིང་གི་སྲིད་གཞུང་ཁོངས་སུ་རྒྱ་གར་གྱི་མེ་འཁོར་ལྕགས་ལམ་བློན་ཆེན་དང་༡༩༩༨་ལོར་རྒྱ་གར་གྱི་བྷེ་ཇེ་བྷི་སྲིད་གཞུང་གི་རྒྱལ་སྲུང་བློན་ཆེན་གྱི་ཐུགས་འགན་བཞེས་ཀྱང་རྙོག་གླེང་ཞིག་གིས་རྐྱེན་པས་༢༠༠༡་ལོར་རྒྱལ་སྲུང་བློན་ཆེན་གྱི་གོ་གནས་ནས་གནང་བ་ཞུས། དེ་ནས་ཉེ་བའི་ལོ་ཤས་རིང་ལ་འཇོར་ཇཱི་ཧྥར་ནན་ཌ་སི་ཡུན་རིང་ནད་མནར་བྱུང་ནས་བཞུགས་པ་དང་༢༠༡༩་ལོའི་ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་སྐུ་ཚེའི་འཕེན་པ་རྫོགས་སོ།།

XS
SM
MD
LG