ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧང་གྷ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས།


༄༅།། ཨ་མི་རི་ཀས་ཡུ་རོབ་གླིང་ལ་ཨུ་རུ་སུ་དང་རྒྱ་ནག་གི་ཤུགས་རྐྱེན་དར་ཁྱབ་འགྲོ་བཞིན་ཡོད་པ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་འགོག་ཐབས་བྱ་དགོས་ཞེས་ཧང་གྷ་རི་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། ཧང་གྷ་རིའི་སྲིད་ཨོར་བྷན་གྱིས་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོར་ང་ཚོ་ཧང་གྷ་རི་རྒྱལ་ཁབ་ནི་ཨོ་སི་ཊི་རི་ཡ་ལྟར་བར་གནས་བྱ་འདོད་ཡོད། ཧང་གྷ་རིའི་བདེ་འཇགས་སྲུང་སྐྱོབ་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་འགན་ལེན་བྱེད་ཀྱི་ཡོད་པར་རྗེས་སུ་ཡི་རངས་ཡོད། ང་ཚོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་དམག་དཔུང་ཡང་གཏོང་གི་ཡོད། ཨུ་རུ་སུ་དང་རྒྱ་ནག་གི་ཤུགས་རྐྱེན་ཡུ་རོབ་ལ་དར་ཁྱབ་འགྲོ་བཞིན་པ་ང་ཚོས་འགོག་ཐབས་བྱ་དགོས་ཞེས་ཨ་མི་རི་ཀས་གནོན་ཤུགས་སྤྲོད་ཀྱི་ཡོད་པར་ཧང་གྷ་རི་མོས་མཐུན་མེད་ཅེས་ལན་བཏབ་སྟེ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་གས་ཆག་ཤོར་པ་དང་ཧང་གྷ་རི་ཨ་མི་རི་ཀའི་དཀྱིལ་འཁོར་ནས་རྒྱང་འགྱེད་ཀྱི་ཡོད་པའི་རྟགས་མཚན་ཞིག་ཐོན་འདུག

ཟླ་བ་སྔོན་མར་ཧང་གྷ་རིའི་རྒྱལ་ས་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པར་སྲིད་བློན་ཨོར་བྷན་གྱིས་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་ཧང་གྷ་རི་བར་གནས་བྱ་རྒྱུ་ཡིན་ཞེས་བཀའ་མོལ་བྱུང་བ་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་གླེང་སློང་བྱས་ཀྱང་ཧང་གྷ་རིའི་སྲིད་བློན་ལས་ཁུངས་ཀྱིས་གསར་འགོད་པའི་དོགས་གཅོད་ཁག་ལ་ལན་འདེབས་བྱས་མེད་པ་དང་། ཉེ་བའི་ལོ་ཤས་ཤིག་ནས་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཁ་གཏད་བཅགས་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་དགོས། རྒྱ་ནག་གིས་དྲྭ་སྣང་སིམ་འཛུལ་དང་དྲྭ་ལམ་དུ་སོ་མྱུལ་གྱི་བྱེད་སྒོ་སྤེལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དྲྭ་སྣང་སིམ་འཛུལ་དང་གསང་ཉུལ་གྱི་བྱེད་སྒོ་སྤེལ་གྱི་ཡོད་པ་ཁག་ལ་འགོག་རྒོལ་བྱེད་པའི་ལྟེ་གནས་གསར་འཛུགས་བྱ་དགོས་ཞེས་གནོན་ཤུགས་སྤྲད་ཀྱང་ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱིས་ཨ་མི་རི་ཀའི་སྐུལ་ལྕགས་གཉིས་ཀར་དང་ལེན་བྱས་མེད་པར་མ་ཟད། ཁོང་གིས་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་བློན་ཆེན་རིམ་པའི་གྲོས་མོལ་བྱ་རྒྱུའང་བཀག ཡུ་རོབ་རྒྱལ་ཁབ་གཞན་ཁག་དང་འདྲ་བར་ཧང་གྷ་རིས་ཀྱང་རང་ཡུལ་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ན་དགའ་བསུ་ཡོད་ཅེས་འབོད་སྐུལ་ཞུས། ཡུཀ་རེན་ལ་ཧང་གྷ་རིའི་སྐད་ཡིག་སྨྲ་བརྗོད་བྱེད་མཁན་གྲངས་ཉུང་མི་རིགས་ཡོད་པ་དེ་ཚོར་སློབ་གྲྭའི་ནང་དུ་ཧང་གྷ་རིའི་སྐད་ཡིག་གི་སློབ་ཚན་མང་དུ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག

ཧང་གྷ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ང་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་བསྒྲུབ་དགོས་པའི་ལས་འགན་ཁག་ལ་འགྱུར་བ་མེད། ཐ་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་འདྲེན་གཏོང་ཁོངས་སུ་ཧང་གྷ་རིས་དམག་གྲངས་མང་དུ་གཏོང་རྒྱུའི་གྲ་སྒྲིག་ཡོད། ཡིན་ནའང་ཨ་མི་རི་ཀར་ཨུ་རུ་སུ་དང་རྒྱ་ནག་གི་ཤུགས་རྐྱེན་འགོག་འདོད་ཡོད་པའི་དམིགས་ཡུལ་དེ་དག་ཧང་གྷ་རི་དངོས་སུ་མདུན་ལ་ཐོན་ནས་བསྒྲུབ་འདོད་མེད་ཅེས་སྲིད་བློན་ཨོར་བྷན་གྱིས་གསལ་དགྲོལ་བྱས་སོང་ཞེས་བཤད། ཧང་གྷ་རིའི་སྲིད་བློ་ཨོར་བྷན་གྱིས་རང་གི་ས་ཐོག་བརྒྱུད་ནས་ཨ་མི་རི་ཀའི་དམག་དཔུང་དང་མཚོན་ཆ་ཡང་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུ་མིན་ཞེས་ཐད་ཀར་ལན་བཏབ། སྲིད་བློན་ཨོར་བྷན་གྱིས་ཧང་གྷ་རི་དང་ཨུ་རུ་སུ་གཉིས་ལ་ཚོང་ལས་གཉེར་འདོད་ཡོད། ང་ཚོ་རྒྱ་ནག་གི་རྒྱུག་ཁྱི་རེད་ཅེས་བཀའ་སྐྱོན་དང་སློབ་གསོ་བཏང་ན་ང་ཚོས་ཀྱང་གྱེན་ལོག་ཇི་ལྟར་བྱ་དགོས་པ་ཤེས་ཀྱིན་ཡོད་ཅེས་ཨ་མི་རི་ཀར་བརྡ་ལན་སློག་པ་རེད་ཅེས་གསར་འགྱུར་ཐོན་འདུག

ནུབ་ཆིངས་དམག་དོན་འཛུགས་སྒྲིག་འཛུགས་ནི་ཨུ་རུ་སུའི་ཉེན་ཀ་འགོག་པའི་ཆེད་དུ་བཙུགས། ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་འཐོར་ཞིག་སོང་བའི་རྗེས་སུ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཏེ་ཨ་མི་རི་ཀར་བདེ་འཇགས་སྲུང་སྐྱོབ་ཀྱི་རྒྱབ་རྟེན་བཅོལ། ཨུ་རུ་སུའི་ཉེ་འཁོར་དུ་ཆགས་པའི་བྷོལ་ཊིཀ་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཧང་གྷ་རིའི་དམག་དཔུང་རྣམས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་སུ་ཨུ་རུ་སུའི་མཚམས་སུ་བཏང་མོད། འོན་ཀྱང་རྒྱ་ནག་དང་ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་གིས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ཁ་པར་དང་རང་བྱུང་ནུས་པ། དངུལ་ཁང་སོགས་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་དང་ཨ་མི་རི་ཀས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་ཁག་བརྒྱུད་ནས་ཨ་མི་རི་ཀའི་ཁྲོམ་རར་འཛུལ་ཐབས་བྱེད་ཀྱི་ཡོད་པའི་དོགས་ཟོན་བྱས་ཀྱང་ཧང་གྷ་རིའི་སྲིད་བློན་གྱིས་རྒྱ་ནག་དང་ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་འཛུགས་ས་ཁག་རྒྱལ་ཁབ་དེའི་ནང་སྲིད་ཡིན་པའི་འདུ་ཤེས་བཟུང་ཡོད་པ་རེད།།

ད་ལྟ་རྒྱ་ནག་དང་ཨུ་རུ་སུ་ལ་ཚོང་འབྲེལ་འཛུགས་ཀྱི་ཡོད་པ་ཧང་གྷ་རི་གཅིག་པུ་མིན་པར་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་སི་ལོ་ཝྭ་ཀི་ཡ་གཉིས་ཀྱང་མཐའ་གཅིག་ཏུ་ཨ་མི་རི་ཀའི་བཀོད་ཇུས་འོག་ཏུ་ཞོར་མཆོང་མི་རྒྱག་པར་བར་གནས་ཀྱི་ལངས་ཕྱོགས་འཛིན་གྱི་ཡོད་ཅིང་། དེར་བརྟེན་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོ་ཧང་གྷ་རི་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ། སི་ལོ་ཝྭ་ཀི་ཡ་བཅས་ཀྱིས་བར་གནས་ཀྱི་ལངས་ཕྱོགས་ཤིག་བཟུང་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་གཞན་ཁག་གིས་ཀྱང་མིག་དཔེ་བལྟ་སྲིད། ནམ་ཞིག་ཨ་མི་རི་ཀས་ནུབ་ཆིངས་སྒྲིག་དམག་དོན་སྒྲིག་འཛུགས་ལ་འགོ་ཁྲིད་མི་ཐུབ་པ་ཞིག་ཏུ་འགྱུར་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་མོད། འོན་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ཀྱི་སྟོབས་ཆེན་རྒྱལ་ཁབ་དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་དང་ཨི་ཊི་ལི། སི་པེན་སོགས་ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བར་གནས་ཀྱི་ལངས་ཕྱོགས་འཛིན་གྱི་མེད་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དགྲར་འཛིན་དང་ཨུ་རུ་སུ་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་དུང་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱ་སྲིད་ཅེས་ཉེན་བརྡ་བཏང་ནས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པ་རེད།།

XS
SM
MD
LG