ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཐེ་ཝན་གྱི་གནམ་ཐང་གི་སྐྱབས་བཅོལ་བ་གཉིས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་གྱི་ཏོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་ཟླ་བ་བཞི་མ་ཟིན་ཙམ་ལ་འགགས་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དབྱན་པའོ་ཅུན་དང་ལིའུ་ཞིན་ལན་གཉིས་ཁྲིམས་མཐུན་གྱི་སྒོ་ནས་ཐེ་ཝན་གྱི་ས་ཐོག་ཏུ་ཡོང་ཆོག་པའི་རེ་བ་འདུག་ཅེས་གནས་ཚུལ་སྤེལ་འདུག རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དེ་དག་རྒྱ་ནག་གི་ཁྲིམས་མཐུན་ཕྱི་སྐྱོད་ལམ་ཡིག་འཁྱེར་ནས་ན་ནིང་སྤྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༩་ཚེས་༢༧་ཉིན་ཐེ་ལན་ཌི་རྒྱལ་ཁབ་ནས་ཕྱིར་རྒྱ་ནག་ཏུ་ལོག་བཞིན་པའི་སྐབས་སུ་གནམ་གྲུ་བརྗེ་ནས་ཐེ་ཝན་གྱི་ཏོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་བྲོས་བྱོལ་དུ་འགྲོ་རྒྱུའི་གོ་སྐབས་བཟུང་བཟུང་སྟེ། ཁོ་ཚོས་ཏོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་ཞུས་མོད། ཡིན་ནའང་ཁོ་ཚོ་ཐེ་ཝན་གཞུང་གིས་གནམ་ཐང་ནས་ཕྱི་ལ་འཐོན་དུ་མ་བཅུག་པར་ཟླ་བ་བཞི་མ་ཟིན་ཙམ་ལ་གནམ་ཐང་གི་ཁང་པ་ཞིག་གི་ནང་དུ་འགགས་ཡོད་པ་རེད།།

ཉེ་ཆར་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་དབྱན་པའོ་ཅུན་དང་ལིའུ་ཞིན་ལན་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་བའི་ལྷན་ཁང་ལ་གྲོས་སྡུར་བྱས་ནས་ཕར་འགྲོ་ཚུར་འོང་གི་འགྲོ་ལུགས་ལྟར་ཐེ་ཝན་ལ་ཁྲིམས་མཐུན་དུ་ཡོང་ཆོག་རྒྱུའི་འབད་བརྩོན་བྱེད་བཞིན་འདུག ཡིན་ནའང་ཁོ་གཉིས་ཐད་ཀར་གནམ་ཐང་ནས་ཐེ་ཝན་དུ་ཡོང་ཆོག་པ་ཞིག་མིན་པར་སྔོན་ལ་ཐེ་ཝན་དང་རྒྱ་ནག་མ་ཡིན་པའི་རྒྱལ་ཁབ་གསུམ་པ་ཞིག་ལ་འགྲོ་དགོས། རྒྱལ་ཁབ་གསུམ་པ་དེ་ནས་ཁྲིམས་མཐུན་ཐོག་ཏུ་ཐེ་ཝན་ལ་ཡོང་ཆོག་ཅེས་བཤད་འདུག ད་ལྟའི་བར་དུ་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་མ་རེག་པར་ཐེ་ཝན་གྱི་གནམ་ཐང་དུ་འགགས་པའི་ལིའུ་ཞིན་ལན་གྱིས་དེ་སྔོན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲུང་ཡིག་གི་ལས་ཁུར་བཞེས་མྱོང་ཡོད་པ་དང་དབྱན་པའོ་ཅུན་ནི་སྤྱི་དམངས་གསར་པའི་ལས་འགུལ་ཚོགས་པའི་ཚོགས་མི་ཡིན། ཁོ་གཉིས་ཀར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་གི་ལག་འཁྱེར་ཡོད་ཅིང་། གལ་སྲིད་ཁོ་གཉིས་རྒྱ་ནག་ལ་ཕྱིར་ལོག་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ཡོད་པ་རེད།།

ཁོ་གཉིས་གནམ་ཐང་དུ་ལུས་པའི་རིང་དེར་ཐེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་དང་ཐེ་ཝན་ནང་སྲིད་ལྷན་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཁག་གིས་ཐེངས་མང་པོར་གྲོས་བསྡུར་བྱས་ཀྱང་གནད་དོན་འདི་ཐག་མ་ཆོད། ད་ལྟ་ཟླ་བ་བཞི་འགོར་པའི་སྐབས་འདིར་ཁོ་གཉིས་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཞིག་བྱུང་བ་ནི་ཐེ་ཝན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱབ་སྐྱོར་བྱས་པ་དང་ཚོགས་པ་དེར་འབྲེལ་བ་བྱས་ནས་བྱུང་བའི་གྲུབ་འབྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གནམ་ཐང་གི་ཁང་མིག་དེའི་ནང་དུ་མཁའ་རླུང་སོས་པ་དང་ཉི་འོད་ཕོག་པའི་སྒེའུ་ཁུངས་སོགས་མེད་པར་དཀའ་ངལ་ཕྲད་ཀྱང་གནམ་ཐང་གི་ལས་ཁུངས་དང་ཐེ་ཝན་གཞུང་གིས་ལྟ་རྟོག་བཟང་པོ་བྱེད་ཀྱིན་འདུག་ཅེས་སྔོན་ནས་གསར་འགྱུར་བརྒྱུད་ལམ་དུ་བསྒྲགས། སྤྱིར་ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་གྱིས་འཛིན་སྐྱོང་བྱེད་བཞིན་པའི་ཐེ་ཝན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཀྱི་གྲས་སུ་མེད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཐེ་ཝན་དུ་ལུས་པའི་སྐྱབས་བཅོལ་བ་དེ་ཚོར་དུས་རྒྱུན་གྱི་འགྲོ་ལུགས་ལྟར་བདག་པོ་རྒྱག་ཐུབ་ཀྱི་མེད་པར་མ་ཟད། ཐེ་ཝན་གཞུང་གིས་ད་སྔ་སྐྱབས་བཅོལ་བར་སྲུང་སྐྱོབ་བྱ་རྒྱུའི་ཁྲིམས་ཀྱང་གཏན་འབེབས་བྱས་མེད་པ་སོགས་ཀྱིས་དབྱན་པའོ་ཅུན་དང་ལིའུ་ཞིན་ལན་གཉིས་ཁྲིམས་མཐུན་གྱིས་ཐེ་ཝན་དུ་འགྲོ་ཐུབ་མེད་ཅིང་། ཁོ་ཚོ་རྒྱ་ནག་ལ་ཕྱིར་ལོག་བྱས་ཀྱང་དཀའ་ངལ་འཕྲད་རྒྱུ་ཡིན་པས་ཐེ་ཝན་གཞུང་གིས་རྒྱ་ནག་ལ་ཕྱིར་སློག་མ་བྱས་པར་གནམ་ཐང་དུ་བཀག

དབྱན་པའོ་ཅུན་དང་ལིའུ་ཞིན་ལན་གཉིས་སྤྱི་ལོ་༢༠༡༥་དང་༢༠༡༧་ལོར་སྔ་རྗེས་སུ་ཐེ་ལན་ཌི་རྒྱལ་ཁབ་ལ་བྲོས་བྱོལ་དུ་ཕྱིན། ཁོ་ཐེ་ལན་ཌིའི་ས་ཐོག་ཏུ་བསྡད་པའི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་བའི་ལྷན་ཁང་གིས་སྐྱབས་བཅོལ་བའི་ཐོབ་ཐང་སྤྲད། ཡིན་ནའང་ཁོ་ཚོར་ཐེ་ལན་ཌིའི་གཞུང་གིས་འདྲི་ཞིབ་ཐེངས་མང་བྱས་པ་དང་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ལན་ཌིའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་བརྒྱ་ལྷག་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་བརྟེན། དབྱན་པའོ་ཅུན་དང་ལིའུ་ཞིན་ལན་གཉིས་ཀྱང་ཐེ་ལན་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱ་སྲིད་པའི་སེམས་ཁྲལ་ཆེན་པོ་བྱུང་ཞིང་། མཐར་ཁོ་ཚོ་ཐེ་ལན་ཌིའི་ས་ཐོག་ཏུ་སྡོད་མ་ཕོད་པར་ཐེ་ཝན་གྱི་ཏོ་ཡོན་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་ནས་སྲིད་དོན་སྐྱབས་བཅོལ་ཞུས་ཡོད་པ་རེད།།

XS
SM
MD
LG