ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རི་ཁེར་རྐྱང་དུ་ལུས་ཉེན་ཇེ་ཆེ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀ་ཨང་དང་པོར་འཛིན་རྒྱུ་དང་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར། ཨ་མི་རི་ཀས་འཛམ་གླིང་གི་ལས་དོན་ཁག་ལ་སྣེ་ཁྲིད་བྱེད་ཀྱི་ཡོད་པའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་རང་བཞིན་གྱི་དོ་ཕོག་ཐེབས་ཀྱི་ཡོད་ཅིང་། ཨ་མི་རི་ཀའི་གསང་བའི་ལས་ཁང་གི་ཞིབ་འཇུག་སྙན་ཐོ་གསར་པ་དེར་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཨ་མི་རི་ཀ་སྣེ་ཁྲིད་པ་མེད་པར་སྟོབས་ཤུགས་ཉམས་པ་དང་ཨ་རིའི་ཁ་གཏད་པ་ཚོས་གོ་སྐབས་བཟུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག་ཅེས་བཀོད།།

ཨ་མི་རི་ཀས་འཛམ་གླིང་གི་ལས་དོན་ལ་འགན་ཁུར་མི་ལེན་པ་དང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པ། ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་ལ་མི་རིགས་རིང་ལུགས་པའི་སྲིད་དོན་ཚོགས་པ་ཁག་གི་སྟོབས་ཤུགས་རྒྱས་ཏེ་སྔར་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཁ་ལོ་སྒྱུར་ཐུབ་ཀྱི་མེད་པའི་གནས་སྟངས་དེ་ཉིད་ཨུ་རུ་སུ་དང་རྒྱ་ནག་སོགས་ལ་གོ་སྐབས་ཆེན་པོ་ཞིག་ཡིན་ཞིང་། དཔེར་ན་ཨུ་རུ་སུའི་གཞུང་གིས་རང་གི་ཤུགས་རྐྱེན་སླར་གསོ་བྱ་ཐབས་དང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཀྱིས་འཛམ་གླིང་ལ་དབང་སྒྱུར་བྱ་རྒྱུ་དང་མངའ་ཁོངས་རྩོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རྣམས་ནི་ལྡོག་ཐབས་མེད་པའི་ཉེན་ཀ་ཞིག་རེད་ཅེས་བཀོད་འདུག ཨ་རིའི་གསང་བའི་ལས་ཁང་གིས་ལོ་བཞིའི་མཚམས་སུ་སྙན་ཐོ་རེ་བཏོན་ནས་ཨ་མི་རི་ཀར་འཕྲལ་ཕུགས་གཉིས་སུ་ཁ་གཏད་པ་དང་འགྲན་ཡ་སུ་ཞིག་འབྱུང་རྒྱུ་ཡིན་མིན། ཨ་མི་རི་ཀས་དེ་ལ་དཔགས་པའི་འཕྲལ་ཕུགས་ཀྱི་སྲིད་ཇུས་གང་འདྲ་ཞིག་འཛིན་དགོས་མིན། ལྷག་པར་དུ་རྒྱ་ནག་དང་ཨུ་རུ་སུའི་ཕྱོགས་ནས་ཨ་མི་རི་ཀར་ཉེན་ཀ་ཅི་ཙམ་འབྱུང་རྒྱུ་ཡིན་མིན་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་དེར་ཨ་རིའི་གཞུང་གི་འགོ་ཁྲིད་ཚོས་དོ་སྣང་དང་ལོ་བཞི་རེའི་མཚམས་ཀྱི་གསང་བའི་ལས་ཁང་གི་ཞིབ་འཇུག་སྙན་ཐོ་ལ་གཞིགས་ནས་སྲིད་ཇུས་གཏན་འབེབས་བྱེད་སྲོལ་ཡོད་པ་རེད།།

ཟླ་བ་རྗེས་མའི་མགོ་སྟོད་དེར་ཨ་རིའི་གསང་བའི་ལས་ཁང་ཁག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོ་དང་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་ལ་སྙན་ཐོ་འདིའི་ནང་དོན་ཞིབ་ཕྲ་རྣམས་སྙན་སེང་ཞུས་ཏེ་རྒྱ་ནག་གིས་ཨ་མི་རི་ཀར་རྣམ་པ་འདྲ་མིན་གྱི་སྒོ་ནས་གསང་ཉུལ་གཏོང་རྒྱུ་ཇེ་མང་དུ་སོང་ཡོད་པ་དང་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་འོས་འདེམས་ལ་ཐེ་གཏོགས་བྱས་ནས་ཨུ་རུ་སུ་ལ་བློ་ཁ་མཐུན་པའི་འོས་མི་ཚོར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་འཇུག་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་སྙན་སེང་ཞུ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཨ་མི་རི་ཀའི་ཁ་གཏད་པ་ཚོས་སྲོལ་རྒྱུན་གྱི་གསང་ཉུལ་གཏོང་སྟངས་དང་དམག་གི་བཙན་དྲག དཔལ་འབྱོར་གྱིས་བསླུ་བྲིད་སོགས་ཀྱི་ཐབས་ལམ་ཁོ་ན་མིན་པར་དྲྭ་ལམ་བརྒྱུད་ནས་ཨ་མི་རི་ཀའི་སྤྱི་སྒེར་གྱི་གློག་ཀླད་ནང་དུ་སིམ་འཛུལ་བྱས་ནས་གསང་བའི་གནས་ཚུལ་རྐུ་འཁྱེར། དྲྭ་ལམ་དུ་གསར་འགྱུར་རྫུན་མ་དང་ལོག་པ་སྤེལ་ནས་ཨ་རིའི་སྤྱི་དམངས་ཀྱི་བློ་ཁ་སྒྱུར་ཐབས། དྲྭ་ལམ་ནས་ཨ་རིའི་བརྡ་འཕྲིན་འཕྲུལ་རིག་ལ་གཏོར་བརླག་བྱེད་ཀྱི་ཡོད་པའི་ཉེན་ཀ་ཇེ་ཆེར་སོང་འདུག འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་རི་གཙོས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཁ་ལོ་བསྒྱུར་ཀྱང་ཉེ་དུས་ཤིག་ནས་ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་ཁེར་རྐྱང་དུ་སྡོད་པའི་ལམ་ཕྱོགས་ཤིག་ཏུ་སྐྱོད་ཀྱི་ཡོད་པས་རྒྱ་ནག་དང་ཨུ་རུ་སུ་སོགས་ལ་རང་གི་དམིགས་ཡུལ་སྒྲུབ་པ་དང་འཆར་གཞི་རྣམས་མངོན་དུ་འགྱུར་ཐུབ་པའི་ཁོར་ཡུག་ཅིག་སྐྲུན་གྱི་འདུག་ཅེས་ཉེན་བརྡ་བཏང་འདུག

༢༠༡༩་ལོའི་ཨ་རིའི་གསང་བའི་ལས་ཁང་ཁག་གི་ཞིབ་འཇུག་སྙན་ཐོར་༢༠༡༤་ལོར་བཀོད་པའི་དོན་དག་མང་ཆེ་བ་བསྐྱར་དུ་འཁོད་མོད། ཐེངས་འདིའི་ཨ་རིའི་གསང་བའི་ལས་ཁང་ཁག་གི་ཞིབ་འཇུག་སྙན་ཐོར་ཨ་མི་རི་ཀའི་ཕྱི་ནང་གཉིས་ཀྱི་གསང་བའི་ལས་ཁང་ཁག་ལ་སྔར་ལས་ལྷག་པའི་དཀའ་ངལ་ཇེ་ཆེར་སོང་སྟེ་ལས་དོན་ནུས་པ་ཐོན་པ་ཞིག་བསྒྲུབ་ཀྱི་མེད་པའི་རྒྱུ་རྐྱེན་རྣམས་བགྲངས་འདུག དཔེར་ན་ཨ་རིའི་སློབ་ཆེན་ཁག་དང་ཞིབ་འཇུག་ལས་ཁང་ཁག ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་གསང་ཉུལ་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་ཡོད་པ། ད་དུང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་ཕྲུག་གི་གྲས་སུའང་རྒྱ་ནག་གཞུང་གིས་བཏང་བའི་གསང་ཉུལ་མི་ཉུང་བ་ཞིག་ཡོད་པ་དང་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གི་ལས་བྱེད་པ་ཚོས་བསམ་བཞིན་ཡིན་པའམ། ཡང་ན་བསམ་བཞིན་མ་ཡིན་པར་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་ཕྱི་ལ་འཁྱར་དུ་འཇུག་གི་ཡོད་པ་མང་པོ་ཞིག་འབྱུང་གི་འདུག འཕྲུལ་རིག་ལག་རྩལ་ཡར་རྒྱས་ཕྱིན་པ་དེ་ལ་བརྟེན་ནས་ཕྱི་རྒྱལ་གྱི་གསང་བའི་ལས་ཁང་ཁག་ཨ་མི་རི་ཀའི་སྤྱི་སྒེར་གློག་ཀླད་ནང་དུ་ལྐོག་འཛུལ་བྱེད་ཐུབ་པའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་དང་། ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་བདེ་བླག་ཏུ་རྐུ་འཁྱེར་བྱེད་ཐུབ་པར་མ་ཟད། ཨ་མི་རི་ཀའི་བདེ་འཇགས་དང་བརྡ་འཕྲིན་ལས་རིགས་སོགས་ཤུགས་རྐྱེན་ཐེབས་ཐུབ་པའི་སྟོབས་ཤུགས་ཡར་རྒྱས་བཏང་འདུག་ཅེས་བཀོད།།

ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གི་སྤྱི་ཁྱབ་འགན་འཛིན་ཌན་ཀོ་ཊི་སི་ཡིས་༡༩༦༧་ལོར་ཨ་རིའི་དབུས་གསང་བའི་ལས་ཁང་ཁག་གིས་གསང་ཡིག་ཐོག་ཏུ་དུས་ཡུན་སྐར་མ་གཅིག་ལ་ཡིག་ཆ་ཤོག་གྲངས་༦་རེ་བསྐུར་ཐུབ་ཀྱི་ཡོད། ཤེས་བྱའི་མཛོད་ཀྱི་ཚིག་མཛོད་ཆ་ཚང་ཞིག་དུས་ཡུན་ཆུ་ཚོད་༦༠་ཐམ་པའི་ནང་ཚུད་དུ་ཨ་རིའི་གསང་བའི་ལས་ཁང་ནས་ཕྱི་སྲིད་ལྷན་ཁང་ལ་བསྐུར་ཐུབ། ཡིན་ནའང་ད་ལྟའི་འཕྲུལ་རིག་ལག་རྩལ་གྱི་མྱུར་ཚད་ནི་བློ་ཡུལ་དུ་ཤོང་དཀའ། ད་ནས་ཡུན་རིང་མི་འགོར་པར་G5་འཕྲུག་རིག་ལག་རྩལ་བཀོལ་སྤྱོད་བྱེད་ན་ཨ་རིའི་གསང་བའི་ལས་ཁང་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་དེ་དག་གི་མྱུར་ཚད་ཀྱི་རྗེས་མི་ཟིན། ང་ཚོས་དྲྭ་ལམ་ནས་གསང་འཕྲིན་ཞིག་བླངས་པ་དེའི་གསང་རྟགས་གཏོར་ཏེ་མིང་ཚིག་ལ་བསྒྱུར་དང་དེའི་གོ་དོན་ལ་བརྟག་དཔྱད། དེ་ལ་ཞིབ་འཇུག་བྱས་ནས་གདོང་ལེན་གྱི་སྲིད་ཇུས་ཤིག་གཏན་འབེབས་བྱེད་པར་ཡུན་རིང་འགོར་སྲིད་ཀྱང་ཕ་རོལ་པོས་བྲེལ་མྱུར་ངང་དུ་ལག་བསྟར་བྱ་ཐུབ། ང་ཚོས་དཔྱད་གཞིའི་ཡིག་ཆ་ཁག་ལ་ཞིབ་འཇུག་དང་ལས་སྣོན། དེ་རྣམས་དུས་ཐོག་ཏུ་ཤེས་བྱ་ལ་བསྒྱུར་ནས་གོ་དོན་རྟོགས་རྒྱུ། དེ་ནས་ཕ་རོལ་པོར་འཕྲལ་དུ་གདོང་ལེན་ཇི་ལྟར་བྱ་དགོས་པའི་སྲིད་ཇུས་གཏན་འབེབས་བྱ་དགོས་པ་དེ་བས་ཀྱང་དཀའ་ངལ་ཆེ་ཞེས་བཤད་འདུག

XS
SM
MD
LG