ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཉེན་ཁ་གླེང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་དང་པོའི་ཚེས་༢༡་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ལོ་འདིར་རྒྱ་ནག་གིས་ཉེན་ཁ་ཆེན་པོ་བདུན་ལ་གདོེང་ལེན་བྱ་དགོས་ཐུག་སྲིད་པའི་གཏམ་བཤད་བྱས་འདུག གཏམ་བཤད་འདི་ནི་ཉེ་ཆར་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་དམར་ཤོག་ཚོགས་པ་དང་སྲིད་གཞུང་། དམག་སྡེ་བཅས་ཀྱི་ལས་སྣེ་གཙོ་བོ་རྣམས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྡུས་ནས་དམིགས་བསལ་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་པ་དེའི་སྟེང་སྤེལ་བ་རེད།།

ཞིས་ཅིན་ཕིང་གིས་བཤད་བཞིན་པའི་རྒྱ་ནག་གི་ཉེན་ཁ་བདུན་ནི་ཆབ་སྲིད་ཀྱི་ཉེན་ཁ་དང་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ། དཔལ་འབྱོར་གྱི་ཉེན་ཁ། ཚན་རིག་ལག་རྩལ་གྱི་ཉེན་ཁ། སྤྱི་ཚོགས་ཀྱི་ཉེན་ཁ། ཕྱི་རོལ་གྱི་ཉེན་ཁ་དང་རྒྱ་ནག་དམར་ཤོག་ཚོགས་པར་ལེགས་བཅོས་བཅས་ཀྱི་ཉེན་ཁ་རྣམས་ཡིན་ཞིང་། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཉེན་ཁ་ཆེན་པོ་འདི་རྣམས་སྔོན་འགོག་བྱ་ཐབས་ཀྱི་ཐབས་ལམ་བསྟན་ཡོད། ཁོ་པས་ཆབ་སྲིད་དང་མི་དམངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ངོས་ནས་གནད་འགག་གཙོ་བོ་གསུམ་ངོས་ཟིན་དགོས། དཔལ་འབྱོར་གྱི་ངོས་ནས་གནད་འགག་གཙོ་བོ་བདུན་ངོས་ཟིན་དགོས་པ་སོགས་མིང་གི་རྣམ་གྲངས་མང་པོ་ཞིག་བགྲངས་ཡོད་པར་མ་ཟད། ད་ལྟའི་རྒྱ་ནག་གི་སྤྱིའི་གནས་སྟངས་ཀྱི་ཆ་ནས་ཡག་པོ་ཡོད་པ་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་གཞུང་གི་འགོ་ཁྲིད་ཚོར་་ནུས་སྟོབས་ལྡན་པས་དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་བཞི་དང་རང་རྟོན་གྱི་འདུ་ཤེས་བཞི་སོགས་ཤུགས་ཆེ་རུ་ཕྱིན་ཡོད། སྤྱི་དམངས་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱང་ཇེ་ལེགས་སུ་གྱུར། རྒྱལ་ཡོངས་ཀྱི་མི་རིགས་ཚང་མ་ལུས་བདེ་སེམས་སྐྱིད་དང་སྤྱི་ཚོགས་བརྟན་ལྷིང་ཡོད་ཅེས་ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ།།

འོ་ན་ཞིེས་ཅིན་ཕིང་ལ་ཅིའི་ཕྱིར་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་ནས་ཉེན་ཁའི་འདུ་ཤེས་སླེབས་ནས་ཉེན་བརྡ་གཏོང་དགོས་བྱུང་བ་ཡིན་ནམ། འདི་ལ་ཁྲིན་ཞང་ཞེས་པའི་ཧོང་ཀོང་གི་ཉམས་ཞིབ་པ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་རྒྱ་ནག་གཞུང་ལ་འདི་ལྟར་ཉེན་ཁའི་འདུ་ཤེས་ཞིག་སླེབས་ཀྱི་ཡོད་པ་ནི་རྨོངས་ཚོད་ཀྱི་འདུ་ཤེས་ཞིག་རེད། སྤྱི་ལོ་༢༠༡༩་ལོར་ཉེན་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གི་དགུ་དང་འཕྲད་ན་གོད་ཁ་འབྱུང་ཞེས་པའི་བཤད་སྲོལ་ཞིག་ཡོད་པ་དེ་ནས་བྱུང་བ་སྲིད། ད་ལོ་དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ཀྱང་རྒྱ་ནག་གིས་འཛེམ་ཟོན་བྱ་དགོས་པ་མང་པོ་ཞིག་ཡོད། དཔེར་ན་ཨ་རི་དང་རྒྱ་ནག་གི་ཚོང་དམག་འདི་སེལ་ཐུབ་མིན་མི་ཤེས་པ་དང་འདི་ལ་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་མིན་ཚོད་དཔག་དཀའ་བ། བྱེད་ཐུབ་ཀྱི་མེད་པ་དང་། དེ་བཞིན་དགུ་དང་འཕྲད་ན་གོད་ཁ་འབྱུང་ཞེས་པ་འདི་ཡང་རྨོངས་དད་ཀྱི་རྗོད་ཚིག་ཁོ་ན་མ་ཡིན་པར་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཙུགས་པའི་ལོ་རྒྱུས་ཀྱི་རང་བཞིན་ལ་འབྲེལ་བ་ཡོད། ༡༩༤༩་ལོའི་ཚུན་ཆད་དུ་རྒྱ་ནག་ལ་ལོ་བཅུ་རེའི་མཚམས་སུ་དོན་རྐྱེན་རེ་བྱུང་། ༡༩༥༩་ལོར་རྒྱ་ནག་ལ་མུ་གེ་ཆེན་པོ་བྱུང་བ་དང་བོད་ལ་ཟིང་འཁྲུག་ལངས་པ། དེའི་རྗེས་ཀྱི་༡༩༦༩་ལོར་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་ཀྲིན་པོ་ཏོ་གླིང་ཕྲན་གྱི་བདག་དབང་ཐོག་ཏུ་དམག་འཐབ་བྱུང་བ། ༡༩༧༩་ལོར་རྒྱ་ནག་དང་ཝི་ཏེ་ནམ་གཉིས་ཀྱིས་དམག་འཁྲུག་བརྒྱབ། ༡༩༨༩་ལོར་རྒྱ་ནག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱུང་བ། ༡༩༩༩་ལོར་རྒྱ་ནག་གི་ཧྥ་ལུང་ཀོང་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་དྲག་གནོན་བྱུང་ཞིང་། སྤྱི་ལོ ༢༠༠༩་ཞིས་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་རྣམས་ལོ་བཅུ་རེའི་མཚམས་སུ་བྱུང་ཡོད་ཅིང་། ལྷག་པར་དུ་ད་ལོའི་༢༠༡༩་ལོར་རྒྱ་ནག་ལ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༣༠་འཁོར་བ་དང་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་ཧྲིལ་བོ་༡༠༠་འགོར་པའི་ལོ་ཡིན་པས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་མོད། ཡིན་ནའང་རྒྱ་ནག་དམར་ཤོག་ཚོགས་པས་ལོ་འདིར་རྒྱ་ནག་གི་རྒྱལ་ཁབ་བཙུགས་ནས་ལོ་༧༠་འཁོར་བའི་ལོ་ཡིན་པས་ཉམས་ཞིབ་པ་ཚོས་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་ཞིག་ལོ་༧༠་ལྷག་ལ་གནས་ཐུབ་པ་མང་པོ་ཞིག་བྱུང་མེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG