ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གསང་ཉུལ་བརྩམས་སྒྲུང་རྩོམ་པ་པོ་རྒྱ་ནག་གིས་བཀག་ཉར།


.
.
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་དང་གསང་ཉུལ་གྱི་བརྩམས་སྒྲུང་རྩོམ་པ་པོ། ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་དབྱང་ཧེང་ཅུན་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཀ་འཕྲད་དུ་བཅུག་པའི་ནག་ཉེས་ཐོག་ཏུ་བཀག་ཉར་བྱས་པ་ཡིན་ཞེས་བསྒྲགས། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ལོ་ན་༥༣་ལ་སོན་པའི་དབྱང་ཧེང་ཅུན་དང་ཆུང་མ་གཉིས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་ནས་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་དུ་བསྐྱོད། ཁོ་ཚོ་ཀོང་ཀྲུག་གྲོང་ཁྱེར་གྱི་པེའི་ཡུན་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་མ་ཐག་ཏུ་རྒྱ་ནག་གི་ཉེན་རྟོག་པ་ཚོས་འཛིན་བཟུང་བྱས་ཀྱང་ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་དབྱང་ཧེང་ཅུན་ཞེས་པ་ཞིག་རྒྱ་ནག་གིས་འཛིན་བཟུང་བྱས་པ་ཤེས་རྟོགས་བྱུང་མ་སོང་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། འོན་ཀྱང་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུང་དབྱིན་གྱིས་ཨོ་གླིང་རྒྱལ་ཁབ་ཀྱི་རྩོམ་པ་པོ་དབྱང་ཧེང་ཅུན་གྱིས་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཀ་འཕྲད་དུ་བཅུག་པའི་ནག་ཉེས་ཐོག་ཏུ་བཀག་ཉར་བྱས་པ་ཡིན། ད་ལྟ་ཁོ་པ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་པེ་ཅིང་དུ་བཀག་ཉར་བྱས་ཡོད། ང་ཚོས་ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ལ་བརྡ་ལན་བསྐྱལ་ཡོད་ཅེས་བཤད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཁྱབ་བསྒྲགས་མ་བྱས་གོང་དེར་ཨོ་གླིང་རྒྱལ་ཁབ་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་དབྱང་ཧེང་ཅུན་པེ་ཅིང་གི་སྡོད་གནས་སུ་བཀག་ཉར་བྱེད་ཡོད་ཟེར་གྱིན་འདུག ང་ཚོས་དེ་ལ་རང་ཁྱིམ་དུ་བཀག་ཉར་བྱས་ཡོད་པའི་གོ་བ་ལེན་དགོས། ཡིན་ནའང་སྐུ་ཞབས་དབྱང་ལ་པེ་ཅིང་དུ་རང་ཁྱིམ་ཟེར་སའི་ཁང་པ་ཞིག་མེད། དེར་བརྟེན་ང་ཚོས་རྩོམ་པ་པོ་དབྱང་ཧེང་ཅུན་ལ་རང་དབང་མེད་པར་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། ངས་ཤེས་ཚོད་བྱས་ན་རྒྱ་ནག་གཞུང་གིས་དབྱང་ཧེང་ཅུན་པེ་ཅིང་གི་ས་གནས་ཤིག་ཏུ་བཀག་ཉར་བྱེད་ཡོད་པ་འདྲ་ཞེས་ཨོ་གླིང་རྒྱལ་ཁབ་ཀྱི་རྒྱལ་སྲུང་བློན་ཆེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་ཉིན་དང་པོ་དེར་གསར་འགོད་པ་ཚོར་དེ་ལྟར་བཤད་པར་མ་ཟད། ཨོ་གླིང་གཞུང་གིས་རྒྱ་ནག་ལ་དབྱང་ཧེང་ཅུན་གྱི་གྱོད་གཞི་དེར་དྲང་སྙོམས་དང་ཕྱི་གསལ་ནང་གསལ་གྱིས་ཐག་གཅོད་བྱ་དགོས་ཞེས་ནན་སྐུལ་བྱས་ཤིང་། ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་དང་ཚོང་དོན་ལྷན་ཁང་གིས་ང་ཚོས་མུ་མཐུད་དུ་རྒྱ་ནག་ལ་དབྱང་ཧེང་ཅུན་གྱི་གྱོད་གཞི་དེར་ཐག་གཅོད་དྲང་སྙོམས་ཤིག་བྱ་དགོས་པའི་སྐུལ་ལྕག་གཏོང་རྒྱུ་ཡིན་ཟེར།།

ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་དབྱང་ཧེང་ཅུན་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཀ་འཕྲད་དུ་བཅུག་པའི་ནག་ཉེས་བཙུགས་པར་ཁུངས་ལུང་གསལ་བོ་ཞིག་མི་འདུག རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་ཁག་ཅིག་བཀག་ཉར་བྱས་པར་ཨོ་གླིང་རྒྱལ་ཁབ་ཀྱིས་སྐྱོན་བརྗོད་བྱས་པ་དང་རྒྱ་ནག་གིས་དེ་ལ་དགྲ་ལན་སློག་པར་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་བཀག་ཉར་བྱས་པ་རེད་ཟེར་པའང་ཁུངས་སྐྱེལ་མི་ཐུབ། གལ་སྲིད་རྒྱ་ནག་གིས་ངོ་མར་ཨོ་གླིང་རྒྱལ་ཁབ་ལ་དེ་ལྟར་ལན་པ་སློག་གི་ཡོད་པ་ཞིག་ཡིན་ན་ང་ཚོས་ཀྱང་དེ་ལ་དོགས་ཟོན་བྱ་དགོས་ཞེས་བཤད། རྩོམ་པ་པོ་དབྱང་ཧེང་ཅུན་གྱིས་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་དྲྭ་ལམ་དུ་ཆབ་སྲིད་དཔྱད་བརྗོད་སྤེལ། ཁོ་པས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས། རྒྱ་ནག་ལ་ལེགས་བཅོས་གཏོང་དགོས་ཞེས་རྩོམ་ཡིག་སྤེལ་བར་དྲྭ་ལམ་དུ་རྗེས་འཇུག་པ་མང་པོ་འདུས། རྒྱ་ནག་གཞུང་གིས་དབྱང་ཧེང་ཅུན་བཀག་ཉར་བྱས་པ་དེ་ལ་བརྟེན་ནས་རྒྱ་ནག་དང་ཨོ་གླིང་རྒྱལ་ཁབ་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་སྲིད།།

ཨེ་ཤི་ཡའི་ལཱ་ཊི་རོ་བྷི་ཞིབ་འཇུག་ཁང་གི་འགན་འཛིན་ཨི་ཡན་གྷེ་རམ་གྱིས་རྒྱ་ནག་གིས་དབྱང་ཧེང་ཅུན་འཛིན་བཀག་ཉར་བྱས་པ་དེ་དང་ཉེ་ཆར་ཨ་རིའི་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་བཀག་ཉར་བྱས་པར་འབྲེལ་བ་ཡོད་པའི་ངེས་པ་ཆེན་པོ་འདུག ཡིན་ནའང་དབྱང་ཧེང་ཅུན་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པས་ཁོ་པར་རྒྱལ་ཁབ་གཞན་གྱི་སྤྱི་དམངས་ལྟར་ལྟ་སྐྱོང་བྱ་དགོས། རྒྱ་ནག་གཞུང་གིས་རང་སྣང་གང་དྲན་གྱི་སྒོ་ནས་རྒྱལ་ཁབ་གཞན་གྱི་སྤྱི་དམངས་རྣམས་འགོག་ཉར་བྱེད་ཀྱི་ཡོད་པ་བློ་འཚབ་བྱ་དགོས་པའི་གནད་དོན་ཞིག་རེད། རྒྱ་ནག་གིས་མིག་ལྔ་མཉམ་འབྲེལ་རྒྱལ་ཁབ་སྟེ། ཨ་རི་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ། ནེའུ་ཛི་ལན་ཌི་བཅས་གསང་བའི་ལས་ཁང་ལྔ་མཉམ་འབྲེལ་བྱེད་ཡོད་པའི་རྒྱལ་ཁབ་ལྔར་སྡང་ཟུག་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་འདུག གཟའ་འཁོར་འདིར་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཀྱང་བཀག་ཉར་བྱས་ཡོད་པར་བལྟས་ཚེ། རྒྱ་ནག་གིས་ཁེ་ན་ཌ་གཅིག་པུར་དགྲ་ལན་སློག་པར་རྒྱལ་ཁབ་དེའི་སྤྱི་དམངས་བཀག་ཉར་བྱས་པ་ཞིག་མིན་པར་སྣང་། ད་དུང་རིམ་བཞིན་ཨ་རི་དང་དབྱིན་ཇི། ནེའུ་ཛི་ལན་ཌི་བཅས་ཀྱི་སྤྱི་དམངས་རྣམས་ཀྱང་རྒྱ་ནག་གི་ས་ཐོག་ཏུ་འགོག་ཉར་བྱ་སྲིད་པའི་ཉེན་ཀ་ཡོད་ཅེས་བཤད་འདུག

འདི་ཙམ་ན་རྒྱ་ནག་གི་ཤེས་ཡོན་ཅན་དང་ཕྱི་འབྲེལ་མི་སྣ་ཟུར་པ་བཅས་མི་༡༤༣་གྱིས་སྲིད་འཛིན་ཞིས་ཅིན་ཕིང་ལ་སྙན་ཞུ་ཞིག་ཕུལ་ཏེ་རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་༣་བཀག་ཉར་བྱས་ཡོད་པ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཨ་རིའི་ཡན་ལག་མཐུན་ཚོགས་ཀྱིས་ཀྱང་རྒྱ་ནག་གཞུང་ལ་དབྱང་ཧེང་ཅུན་འཕྲལ་དུ་གློད་གྲོལ་གཏོང་དགོས། ཁོ་པས་གཏམ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་བྱས་པ་རེད། ཁོ་པ་འཛིན་བཟུང་བྱས་པ་འདིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་གཏམ་བརྗོད་རང་དབང་ལ་རྡོག་བརྫིས་གཏོང་གི་ཡོད་པ་སླར་ཡང་ར་སྤྲོད་བྱུང་ཡོད། རྒྱ་ནག་གཞུང་གིས་རང་གི་སྤྱི་དམངས་ཀྱི་གཏམ་བརྗོད་རང་དབང་འགོག་ཐུབ་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོར་རྒྱལ་ཁབ་གཞན་གྱི་སྤྱི་དམངས་ཀྱི་གཏམ་བརྗོད་རང་དབང་འགོག་ཆོག་པའི་ཐོབ་ཐང་མེད་ཅེས་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ། སྤྱི་ལོ་༢༠༠༠་ལོར་དབྱང་ཧེང་ཅུན་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར། དེའི་སྔོན་ལ་ཁོ་པས་རྒྱ་ནག་ཕྱི་སྲིད་ལྷན་ཁང་དུ་ལོ་༢༠་ཐམ་པར་སྲི་ཞུ་བསྒྲུབས་སོ།།

XS
SM
MD
LG