ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

པྲི་ཡན་ཀ་གྷན་དྷི་ཆབ་སྲིད་ལ་ཞུགས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་གར་གྱི་ཆབ་སྲིད་ལ་ཤུགས་རྐྱེན་བླ་ན་མེད་པ་ཐེབས་ཐུབ་པའི་ཁྱིམ་ཚང་ཞིག་ཡོད་པ་ནི་སྲིད་བློན་དམ་པ་འཇའ་ཝ་ལ་ནེ་རུའི་ཁྱིམ་ཚང་དང་ནེ་རུའི་བུ་རབས་ཚ་རྒྱུད་རྣམས་ཡིན་ཞིང་། ད་བར་སྲིད་བློན་དམ་པ་ར་ཇིབ་གྷན་དྷིའི་བུ་མོ་པྲི་ཡན་ཀ་གྷན་དྷི་རྒྱ་གར་གྱི་ཆབ་སྲིད་ལ་མཉམ་ཞུགས་མ་བྱས་པར་མི་མང་དཀྱུས་མའི་ཚུལ་དུ་ལོགས་སུ་བཞུགས་ཀྱང་ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་པྲི་ཡན་ཀ་གྷན་དྷི་རྒྱ་གར་གྱི་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ཤར་ཕྱོགས་ཀྱི་ཀོང་རེ་སི་ཚོགས་པས་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་བྱུང་སྟེ་ཆབ་སྲིད་ལ་དངོས་སུ་ཞུགས། ད་ལོའི་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་སྐབས་སུ་པྲི་ཡན་ཀ་གྷན་དྷི་དང་གཅུང་པོ་ར་ཧུལ་གྷན་དྷི་གཉིས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཨུ་དྷར་པར་དྷེ་ཤི་མངའ་སྡེར་ཀོང་རེ་སི་ཚོགས་པའི་སྟོབས་ཤུགས་ཉམས་ཡོད་པ་སླར་གསོ་བྱ་རྒྱུ། སྲིད་བློན་མོ་དྷིས་འགོ་ཁྲིད་པའི་བྷེ་ཇེ་བྷི་གཞུང་འཛིན་ཚོགས་པར་འགྲན་རྩོད་ཆེན་པོ་བྱ་འཆར་ཡོད་པ་རེད།།

རྒྱ་གར་གྱི་ཨུ་དྷར་པུར་དྷེ་ཤི་མངའ་སྡེ་གཅིག་པུར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་༨༠་ཐམ་པའི་གདན་གྲངས་ཡོད་ཅིང་། དེར་བརྟེན་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་སྐབས་སུ་སྲིད་དོན་ཚོགས་པ་གང་ལ་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་ཚེ། སྲིད་དོན་ཚོགས་པ་དེར་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་དུས་སུ་རྒྱལ་ཁ་འཐོབ་ཐུབ་པའི་རེ་བ་ཆེན་པོ་ཡོད། རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་གར་དུས་བབ་ཚགས་པར་གྱི་གསར་འགོད་པར་ཀོང་རེ་སི་ཚོགས་པའི་གཙོ་འཛིན་ཧ་རུལ་གྷན་དྷིས་རང་གི་གཅེན་མོ་པྲི་ཡན་ཀ་གྷན་དྷི་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ཤར་ཕྱོགས་ཀྱི་ཀོང་རེ་སི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་བྱས་པ་ཐབས་མཁས་ཤིག་བྱུང་སོང་། དུས་རབས་སྔོན་མའི་ལོ་རབས་༨༠་པ་བར་དུ་རྒྱ་གར་གྱི་ཨུ་དྷར་པུར་དྷེ་ཤི་མངའ་སྡེ་ཀོང་རེ་སི་སྲིད་དོན་ཚོགས་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་རུང་། ཉེ་བའི་ལོ་ཤས་ཤིག་ནས་ས་མ་ཇི་ཝ་དྷི་ཚོགས་པ་དང་བྷ་ཧུ་ཇན་ས་མ་ཇི་སྲིད་དོན་ཚོགས་པ་གཉིས་སྟོབས་ཤུགས་རྒྱས་ཏེ་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ནང་དུ་ཀོང་རེ་སི་ཚོགས་པའི་སྟོབས་ཤུགས་ཉམས། པྲི་ཡན་ཀ་གྷན་དྷིས་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ནང་དུ་ཀོང་རེ་སི་ཚོགས་པའི་སྟོབས་ཤུགས་སླར་གསོ་བྱེད་ཐུབ་པའི་ཕན་ཐོགས་ཡོད། ནེ་རུ་ཁྱིམ་ཚང་གི་མི་ཞིག་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ཤར་ཕྱོགས་ཀྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ལ་བསྐོ་བཞག་བྱས་པ་དེས་མི་དམངས་ལ་སེམས་ཤུགས་འཕེལ་བའི་དགེ་མཚན་ཡོད་ཅེས་གླེང་།།

གཟའ་ལྷག་པའི་ཉིན་ར་ཧུལ་གྷན་དྷིས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མིའི་འོས་འདེམས་ཀྱི་ལས་འགུལ་ལ་ཞུགས་ནས་ང་ལ་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ནང་དུ་གཅེན་མོས་རྒྱབ་སྐྱོར་བྱ་འཆར་ཡོད་པར་དགའ་ཚོར་ཆེན་པོ་བྱུང་། གཅེན་མོ་པྲི་ཡན་ཀ་གྷན་དྷི་ནི་ཧ་ཅང་གི་མི་འཇོན་པོ་ཞིག་ཡིན། ང་ཚོ་མདུན་དུ་ཐོན་ནས་འགྲན་རྩོད་ལ་ཞུགས་འཆར་ཡོད་པ་ལས་རྒྱབ་ཏུ་ཁུམ་ནས་སྡོད་མི་སྲིད། ཕྱི་ཟླ་༢་པའི་གཟའ་འཁོར་དང་པོ་ནས་པྲི་ཡན་ཀ་གྷན་དྷིས་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ཤར་ཕྱོགས་ཀྱི་ཀོང་རེ་སི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལས་ཁུར་བཞེས་དགོས་ཞེས་བཀོད་ཁྱབ་བཏང་ཡོད་པར་མ་ཟད། པྲི་ཡན་ཀ་གྷན་དྷིའི་ཁྱོ་ག་རོ་བྷར་ཊི་ཝྭ་དྷ་རས་ཀྱང་པ་རི་ཡན་ཀར་རྟེན་འབྲེལ་ཞུ། ཁྱོད་ཀྱི་མི་ཚེའི་ལམ་བུའི་སྟེང་དུ་ང་ནི་ལུས་དང་གྲིབ་བཞིན་དུ་ཁྱོད་ཀྱི་ཕྱོགས་སུ་ལངས་ཡོད། ཁྱོད་ཀྱིས་རང་གི་ལས་འགན་ལ་ནུས་པ་གང་ཡོད་ཐོན་ཞེས་ངོ་དེབ་ནང་འཕྲིན་ཐུང་ཞིག་སྤེལ་འདུག ད་ལྟ་པྲི་ཡན་ཀ་གྷན་དྷིས་ཀོང་རེ་སི་ཚོགས་པའི་གོ་གནས་གནད་འགག་ཅན་ཞིག་བཟུང་བ་ནི་རྒྱ་གར་གྱི་ཆབ་སྲིད་ལ་ནེ་རུ་ཁྱིམ་ཚང་གི་མི་རབས་གསར་པའི་ལེའུ་ཞིག་འགོ་ཚུགས་པ་མཚོན་ཐུབ།།

༡༩༩༡་ལོར་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་ཀྱི་ལས་འགུལ་ཞིག་གི་སྐབས་སུ་སྐབས་དེའི་ཀོང་རེ་སི་ཚོགས་པའི་གཙོ་འཛིན་ར་ཇིབ་གྷན་དྷི་ལྐོག་གསོད་བྱས་ནས་བཟུང་། རྒྱ་གར་གྱི་ཀོང་རེ་སི་ཚོགས་པར་སྐབས་ཤིག་གི་རིང་དུ་ནེ་རུ་ཁྱིམ་ཚང་གི་མི་ཞིག་འགོ་ཁྲིད་བྱེད་མཁན་མེད་པར་གྱུར། དེ་ནས་རྒྱ་གར་གྱི་སྲིད་དོན་ཚོགས་པ་གཞན་ཁག་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་སྲིད་དབང་བཟུང་རུང་རྒྱ་གར་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཚོས་ཨུ་ཚུགས་བརྒྱབ་ནས་ར་ཇིབ་གྷན་དྷིའི་ཆུང་མ་སོ་ཎི་ཡ་གྷན་དྷི་སྲིད་དོན་ཚོགས་པ་དེའི་གཙོ་འཛིན་ལ་བསྐོས། སོ་ཎི་ཡ་གྷན་དྷི་ནི་རྒྱ་གར་བ་ཞིག་མིན་པར་ཨི་ཊི་ལིའི་མི་རིགས་ཡིན་པས་རྒྱ་གར་གྱི་སྲིད་བློན་ལངས་ཆོག་གི་མེད་ཀྱང་ཁོང་གི་འགོ་ཁྲིད་འོག་ཏུ་ཀོང་རེ་སི་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་མན་མོ་ཧན་སིང་གིས་སྲིད་དབང་བཟུང་མྱོང་ཡོད་ཅིང་། ༡༩༨༤་ལོར་ར་ཇིབ་གྷན་དྷིའི་ཨ་མ་ཨིན་དྷི་ར་གྷན་དྷི་རང་གི་སྐུ་སྲུང་བས་བཀྲོངས། ༡༩༩༡་ལོར་ར་ཇིབ་གྷན་དྷི་ཡང་འོས་འདེམས་ལས་འགུལ་ཞིག་གི་དུས་སུ་ལྐོག་གསོད་བྱས་པས་སོ་ཎི་ཡ་གྷན་དྷིས་རང་གི་བུ་ཕྲུག་གཉིས་རྒྱ་གར་གྱི་ཆབ་སྲིད་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་མིན་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་མོད། འོན་ཀྱང་ལོ་ཤས་གོང་དུ་ར་ཧུལ་གྷ་དྷི་རྒྱ་གར་གྱི་ཀོང་རེ་སི་ཚོགས་པའི་གཙོ་འཛིན་ལ་བསྐོ་བཞག་བྱས་ནས་གྲོས་ཚོགས་འཐུས་མིར་གྱུར། ད་ལྟ་པྲི་ཡན་ཀ་གྷན་དྷི་ཡང་རྒྱ་གར་གྱི་ཆབ་སྲིད་ལ་ཞུགས་ནས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་ལས་ཁུར་བཞེས་འགོ་ཚུགས།།

༡༩༤༧་ལོར་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ། དེ་ནས་བཟུང་སྟེ་༡༩༦༤་བར་དུ་འཇའ་བ་ལ་ནེ་རུ་སྲིད་བློན་ལ་འདེམས་ཐོན་བྱུང་ནས་རྒྱ་གར་གྱི་སྲིད་དབང་བཟུང་། ནེ་རུའི་རྗེས་སུ་བུ་མོ་ཨིན་དྷི་ར་གྷན་དྷི་རྒྱ་གར་གྱི་སྲིད་བློན་ལ་འོས་འདེམས་བྱུང་ཞིང་། ཨིན་དྷི་ར་གྷན་དྷི་བཀྲོངས་པའི་རྗེས་སུ་བུ་ར་ཇིབ་གྷན་རྒྱ་གར་གྱི་སྲིད་བློན་ལ་འོས་འདེམས་བྱུང་བ་དང་ར་ཇིབ་གྷན་དྷི་བཀྲོངས་པའི་རྗེས་སུ་ཆུང་མ་སོ་ཎི་ཡ་གྷན་དྷི་རྒྱ་གར་གྱི་ཀོང་རེ་སི་ཚོགས་པའི་གཙོ་འཛིན་ལ་བསྐོས། ད་ལྟ་ར་ཧུལ་གྷན་དྷིས་ཀོང་རེ་སི་ཚོགས་པའི་གཙོ་འཛིན་གྱི་གོ་གནས་བཟུང་སྟེ་སྤྱི་ཡོངས་འོས་འདེམས་ལ་གྲ་སྒྲིག གཟའ་འཁོར་འདིར་པྲི་ཡན་ཀ་གྷན་དྷི་ཡང་རྒྱ་གར་གྱི་ཆབ་སྲིད་ལ་ཞུགས་ཏེ་ནེ་རུའི་བུ་རབས་ཚ་རྒྱུད་ཀྱིས་སླར་ཡང་ཀོང་རེ་སི་ཚོགས་པར་དབང་སྒྱུར་དང་རྒྱ་གར་གྱི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་རྒྱུའི་དུས་སྐབས་གསར་པ་ཞིག་འགོ་ཚུགས་སོ།།

XS
SM
MD
LG