ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༦/༡༥

ཆོས་དད་པ་ཚོར་སྐྱོབ་གསོ་འགོག་རྒྱུའི་འཇིགས་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་འགྲོི་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་ལ་ཆེད་དུ་ཉམས་ཞིབ་བྱས་ནས་སྙན་ཐོ་འདོན་བཞིན་པའི་རྒྱ་ཡིག་གི་ཧྭན་ཏུང་ཞེས་པའི་དྲྭ་ཚིགས་སུ་ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་གནས་ཚུལ་སྤེལ་ཡོད་པ་ལྟར་ན་རྒྱ་གཞུང་གིས་དཔལ་འབྱོར་གྱི་ཡོང་སྒོ་དམའ་བའི་བོད་པ་ཚོ་ཆོས་ལུགས་དད་མོས་ལ་བཀག་འགོག་བྱེད་པའི་ཆེད་དུ་གཞུང་གིས་སྤྲོད་བཞིན་པའི་སྐྱོབ་གསོི་འགོག་རྒྱུའི་འཇིགས་སྐུལ་བྱས་འདུག

ཧྭན་ཏུང་སྟེ་གྲང་ངར་ཞེས་པའི་དྲྭ་ཚིགས་ཀྱི་གསར་འགོད་པས་བོད་ཀྱི་རྒྱལ་ས་ལྷ་སའི་བོད་པ་མང་པོ་ཞིག་ལ་བཅར་འདྲི་ཞུས་ནས་བོད་ཀྱི་ས་གནས་ས་ཐོག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད་ཅིང་། ཉེ་བའི་ལོ་ཤས་ཀྱི་རིང་ལ་རྒྱ་ནག་གཞུང་གིས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ས་གནས་བོད་པ་ཚོའི་ས་ཞིང་དང་རྩྭ་ས་སོགས་གཞུང་བཞེས་བྱས་པས་བོད་པ་མང་པོ་ཞིག་གིས་སོ་སོའི་ཕ་མེས་ནས་བརྒྱུད་པའི་འཚོ་བའི་རྟེན་ས་མེད་པར་གྱུར་ནས་སྲིད་གཞུང་གིས་སྤྲད་པའི་སྐྱོབ་གསོི་ཉག་ཅིག་ལ་བརྟེན་ནས་འཚོ་བ་མི་སྐྱེལ་ཐབས་མེད་འབྱུང་བཞིན་ཡོད།།

འཚོ་རྟེན་དཀའ་ངལ་ཆེ་བའི་བོད་པ་ཚོར་ཉེ་ཆར་ནས་རྒྱ་ནག་གཞུང་གིས་འཇིགས་སྐུལ་བྱས་ཏེ་བོད་པ་ཚོས་ནང་ཆོས་ཀྱི་སྐུ་སྲུང་ཐུགས་རྟེན་ལ་མཆོད་མཇལ་སོགས་བྱས་པ་ཡིན་ན་གཞུང་གིས་སྐྱོབ་གསོ་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཏུ་གླེང་གཞི་ཆེན་པོི་ཞིག་ཏུ་གྱུར་ཡོད་པའི་བོད་དོན་ནི་བོད་པའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དད་མོས་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་ལ་ཐུག་ཡོད་པའི་ངོས་འཛིན་གྱིས་བོད་པ་ཚོའི་གཤིས་རྒྱུད་དུ་འཇགས་པའི་ཆོས་ལུགས་དད་མོས་དང་སྐད་ཡིག མི་རིགས་ཀྱི་འདུ་ཤེས་རྣམས་ཐབས་བརྒྱ་ཇུས་སྟོང་གི་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་ལྟར་ད་ཐེངས་ཀྱང་དཔལ་འབྱོར་གྱི་བརྟེན་ས་མེད་པའི་བོད་པ་ཚོར་སྐྱོབ་གསོི་འགོག་བཞིན་ཡོད་པ་རེད།།

ཐབས་ཇུས་འདིས་གཅིག་ནས་བོད་པའི་ཆོས་ལུགས་དད་མོས་རང་དབང་ལ་དོ་ཕོག་དང་གཉིས་ནས་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བའི་ནང་བའི་རྗེས་འཇུག་པའི་འཚོ་བར་དཀའ་ངལ་འཕྲལ་དུ་འཇུག་ཐབས་ཤིག་ཡིན་ཞིང་། རྒྱ་ནག་གཞུང་གིས་མི་མང་སྐྱོབ་གསོི་ལེན་མཁན་ཚོར་ཉེན་བརྡ་བཏང་བའི་རྗེས་སུ་བོད་མི་མང་པོ་ཞིག་མཆོད་མཇལ་ལ་འགྲོ་རྒྱུར་འཛེམ་ཟོན་བྱེད་བཞིན་ཡོད་པ་སྟེ། ད་ལྟ་ལོ་ན་ལྔ་བཅུར་སོན་པའི་སྒྲོལ་མ་ཟེར་ཞིག་གིས་ང་ལ་ཞེད་སྣང་ཆེན་པོ་འདུག ང་ནི་ཕྱག་སྐོར་དང་མཆོད་མཇལ་སོགས་ལ་འགྲོི་ཕོད་ཀྱི་མེད། སྲིད་གཞུང་གིས་ངའི་འགྲོི་འདུག་སྤྱོད་གསུམ་ལ་བརྟག་བཞིན་ཡོད་ངེས་རེད་ཅེས་གསར་འགོད་པར་བཤད་འདུག

ཁོ་ཚོས་རྒྱུས་ལོན་བྱས་པ་ལྟར་ན་སྲིད་གཞུང་གིས་ཆེད་དུ་མི་མངགས་ནས་གཞུང་གི་སྐྱོབ་གསོ་ལེན་བཞིན་པའི་བོད་པ་ཚོའི་འགྲོ་འདུག་ལ་ཞོགས་པའི་ཆུ་ཚོད་༩་པ་ནས་མཚན་གྱི་ཆུ་ཚོད་༩་པའི་བར་དུ་མྱུལ་ཞིབ་བྱེད་ཀྱི་ཡོད་ཅིང་། གཞན་ཡང་ལོ་ན་༧༠་ལྷག་ལ་སོན་པའི་སྒྲོལ་དཀར་ཟེར་བ་ཞིག་གིས་གསར་འགོད་པར་སྲིད་གཞུང་གིས་སྐྱོབ་གསོ་སྤྲོད་ཚོར་བཀའ་རྒྱ་དེ་བསྒྲགས་པའི་རྗེས་སུ་ངའི་འགྲོ་འདུག་རང་དབང་ལ་ཚད་བཀག་ཆེན་པོ་ཞིག་ཐེབས་སོང་། ད་ལྟ་ང་རང་སྔོན་ཆད་ལྟར་ཕྱག་སྐོར་དང་མཆོད་མཇལ་ལ་འགྲོ་ཐུབ་ཀྱི་མེད་པར་ལུས་སེམས་ལ་གཉིས་ལ་བརྡབ་གསིག་ཕོག་གི་འདུག་ཅེས་བཤད་འདུག ཆོས་དད་པ་རྣམས་མཆོད་མཇལ་ལ་ཕྱིན་པ་ནི་གཅིག་ནས་རྐུ་བྱེད་ཀྱི་ཡོད་པ་ཞིག་མིན། གཉིས་ནས་འཕྲོག་བཅོམ་བྱེད་ཀྱི་མེད། ཡོད་ཚད་བཟང་སྤྱོད་ལ་སློབ་རྒྱུའི་ནང་དོན་རྐྱང་ཡིན་པས་སྲིད་གཞུང་གིས་ཅིའི་ཕྱིར་ང་ཚོར་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད་དམ་ཞེས་བཤད་འདུག

སྤྱིར་རྒྱ་ནག་དམར་ཤོག་ཚོགས་པའི་སྲོལ་ཡིག་ནང་དུ་གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱེད་མི་ཆོིག་ཅེས་བརྗོད་ཡོད་པ་ལྟར་དམར་ཤོག་ཚོགས་པའི་ཚོགས་མི་དག་ལ་ཆོས་ལུགས་ལ་དད་མོས་བྱས་མི་ཆོག་པའི་ཚད་བཀག་ཆེན་པོ་ཡོད་པར་མ་ཟད། ཉེ་བའི་ལོ་ཁ་ཤས་ཀྱི་སྔོན་ནས་རྒྱ་གཞུང་ལས་བྱེད་པ་དཀྱུས་མ་ཚོར་ལའང་ཆོས་ལུགས་དད་པ་བྱེད་མི་ཆོག་པའི་བཀག་རྒྱ་བཟོས་ཤིང་། ད་ལྟ་གཞུང་གི་སྐྱོབ་གསོ་ལེན་མཁན་ཚོ་ལའང་དེ་ལྟར་འཇིགས་སྐུལ་དང་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG