ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༢/༡༦

དབྱིན་ཇིའི་ཕྱོགས་འགལ་ཚོགས་པའི་ཐབས་ཇུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལོ་གཉིས་ཀྱི་གོང་དེར་དབྱིན་ཇིའི་མི་དམངས་ཀྱིས་མང་མོས་འོས་འདེམས་བྱས་ནས་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་དབྱིན་ཡུལ་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱི་འབྲེལ་བ་ཇི་ལྟར་འཛིན་དགོས་མིན་ལ་སྲིད་བློན་ཊེ་རི་ས་མཱེ་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་གྲོས་མཐུན་དེར་དབྱིན་ཇིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་མ་ཐོབ། ཕྱི་ཟླ་༣་ཚེས་༢༩་ཉིན་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་གྲོས་མཐུན་མ་བྱུང་བར་དབྱིན་ཇི་དེ་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་དེ་ནས་ཕྱིར་འཐེན་བྱ་དགོས་ཐུག་སྲིད་པའི་ཉེན་ཀ་འཕྲད་འདུག དེར་བརྟེན་དབྱིན་ཇིའི་ཕྱོགས་འགལ་ཚོགས་པས་རྒྱལ་ཡོངས་གྲོས་ཚོགས་སུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ལ་སླར་ཡང་འོས་ཤོག་འཕེན་དུ་འཇུག་དགོས་པའི་གྲོས་གཞི་བཏོན། དབྱིན་ཇིའི་གྲོས་ཚོགས་ལ་གདམ་ཀ་གཞན་པ་ཞིག་གི་ཐོག་ཏུ་འོས་ཤོག་འཕེན་དུ་བཅུག་ན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་ཇི་ལྟར་བྱ་དགོས་མིན་ཐག་མ་ཆོད་པར་འགགས་ཡོད་པའི་འགེལ་རྐྱེན་རྣམས་སེལ་ཐུབ་པའི་རེ་བ་ཡོད་ཅེས་བཤད།།

ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་དབྱིན་ཇིའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འཇར་མཱི་ཁོར་བྷིན་གྱིས་ང་ཚོས་གདམ་ཀ་ཡོད་དོ་ཅོག་ལ་བསམ་ཞིབ་བྱེད་ཆོག ཡིན་ནའང་ད་ལྟ་ཐབས་ལམ་གཞན་པ་ཞིག་ལ་དམིགས་པ་གཙོ་བོ་གཏོད་དགོས་པའི་དུས་སུ་སླེབས་འདུག་ཅེས་བཤད་འདུག འདི་ནི་དབྱིན་ཇིའི་ཕྱོགས་འགལ་ཚོགས་པས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ལ་གྲོས་མཐུན་མ་བྱུང་བར་འགགས་ཡོད་པ་སེལ་ཐབས་ཀྱི་ཐབས་ལམ་ཞིག་བསྟན་པ་ཐེངས་དང་པོ་ཡིན་ཞིང་། འཇར་མཱི་ཁོར་བྷིན་གྱིས་དབྱིན་ཇིའི་གྲོས་ཚོགས་ལ་བསྐྱར་དུ་གནད་དོན་འདིར་འོས་ཤོག་འཕེན་དུ་འཇུག་དགོས་ཟེར་པར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱེད་མཁན་ཚོས་དགའ་བསུ་ཞུས་ཀྱང་དབྱིན་ཇིའི་ཕྱོགས་འགལ་ཚོགས་པས་ང་ཚོས་གྲོས་ཚོགས་ལ་བསྐྱར་དུ་འོས་ཤོག་འཕེན་དུ་འཇུག་དགོས་ཟེར་པ་ནི་དབྱིན་ཇིའི་མི་དམངས་ལ་སླར་ཡང་མང་མོས་འོས་འདེམས་བྱེད་དུ་འཇུག་དགོས་ཟེར་གྱི་ཡོད་པ་ཞིག་མིན་ཞེས་བཀྲལ། ཉམས་ཞིབ་པ་ཕལ་ཆེ་བས་ཕྱི་ཟླ་༣་ཚེས་༢༩་ཉིན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་ཚེས་གྲངས་གཏན་འབེབས་བྱུང་ཡོད་པ་དབྱིན་ཇིའི་གྲོས་ཚོགས་ཀྱིས་ཕར་འགྱངས་བྱ་དགོས་པའི་འོས་ཤོག་འཕེན་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

༡༩༧༣་ལོར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས། ༢༠༡༦་ལོར་དབྱིན་ཡུལ་ལ་མང་མོས་འོས་འདེམས་བྱས་ནས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱུང་། ༢༠༡༩་ལོའི་ཕྱི་ཟླ་༣་ཚེས་༢༩་ཉིན་དབྱིན་ཇི་དངོས་སུ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་ཚེས་གྲངས་གཏན་འབེབས་བྱུང་རུང་འདས་པའི་ལོ་གཉིས་ལྷག་ལ་དབྱིན་ཇིའི་སྲིད་བློན་ཊེ་རི་ས་མཱེ་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས། ས་མཚམས་དང་སྒོ་ཁྲལ། ཕྱོགས་གཉིས་ཀྱི་མི་དམངས་རྣམས་ཕན་ཚུན་གྱི་ས་ཐོག་ཏུ་གནས་སྡོད་བྱེད་ཡོད་པ་དེ་དག་གི་གནས་བབ་དང་ཐོབ་ཐང་བཅས་ལ་གྲོས་མཐུན་ཞིག་བཞག་པར་དབྱིན་ཇིའི་གྲོས་ཚོགས་ཀྱིས་མོས་མཐུན་བྱས་མེད་ཅིང་། ད་ལྟ་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་གྲོས་མཐུན་མ་བྱུང་བར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་གནས་སྟངས་ཤིག་ཏུ་ལྷུང་། གལ་སྲིད་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་གྲོས་མཐུན་མ་བྱུང་བར་དབྱིན་ཇི་དེ་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་ནས་ཕྱིར་འཐེན་བྱེད་ཚེ། ཡུ་རོབ་མཉམ་འབྲེལ་དང་དབྱིན་ཇི་གཉིས་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་ཞིག་ཚུགས་ཡོད་པ་ངེས་གཏན་མེད་པར་འགྱུར་སྲིད།།

དབྱིན་ཇིའི་ཕྱོགས་འགལ་ཚོགས་པས་ང་ཚོ་གྲོས་མཐུན་མ་བྱུང་བར་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་ཐུག་སྲིད་པར་སྲིད་གཞུང་གིས་བསྐྱར་དུ་བསམ་ཞིབ་བྱ་དགོས། གྲོས་ཚོགས་ལ་དབྱིན་ཇི་གྲོས་མཐུན་མ་བྱུང་བར་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་མི་ཆོག་པའི་གྲོས་ཆོད་འཇོག་ཏུ་འཇུག་དགོས། དབྱིན་ཇི་ཕྱིར་འཐེན་བྱས་པའི་རྗེས་སུའང་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་ས་མཚམས་གཅིག་གྱུར་བྱ་དགོས། ང་ཚོས་བཏོན་པའི་ཐབས་ལམ་འདིར་དབྱིན་ཇིའི་མི་དམངས་རྣམས་མོས་མཐུན་ཡོད་མེད་མང་མོས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་ཐབས་ཇུས་ཤིག་བསྟན། འོན་ཀྱང་དབྱིན་ཇིའི་གཞུང་འཛིན་རྙིང་ཞེན་ཚོགས་པས་གྲོས་ཚོགས་འཐུས་མི་ཚོས་གྲོས་མཐུན་མ་བྱུང་ཡང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པས་བདུན་ཕྲག་སྔོན་མར་དབྱིན་ཇིའི་གྲོས་ཚོགས་སུ་སྲིད་བློན་ཊེ་རི་ས་མཱེ་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་འཐུས་མི་༤༣༢་ཀྱིས་ངོ་རྒོལ་དང་འཐུས་མི་༢༠༢་ཀྱིས་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་ནས་ཕམ་ཉེས་ཆེན་པོ་བྱུང་། དེང་སྐབས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་སུ་གྲོས་མཐུན་མ་བྱུང་བར་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་འདི་འདྲ་ཞིག་འདས་པའི་དུས་རབས་ཕྱེད་ཀའི་རིང་ལ་བྱུང་མྱོང་མེད་པ་རེད།།

XS
SM
MD
LG