ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༣/༢༦

རྒྱ་ནག་དམར་ཤོག་ཚོགས་པ་ཛ་དྲག་གི་གནས་སུ་ཡོད་སྐད།


༄༅།། ཉེ་དུས་ཤིག་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་འགྲོ་བཞིན་ཡོད་པས་རྒྱ་ནག་ལ་ཆབ་སྲིད་བརྟན་ལྷིང་མེད་པར་འགྱུར་སྲིད་པའི་ཉེན་ཀ་ཡོད། དམར་ཤོག་ཚོགས་པས་རྒྱ་ནག་གི་ཆབ་སྲིད་བརྟན་ལྷིང་རྒྱུན་འཁྱོངས་བྱ་དགོས་ཞེས་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་ཚོགས་འདུར་བསྐོངས་ནས་ནན་བརྗོད་བྱས་ཡོད་ཅིང་། འདི་ནི་ཞིས་ཅིན་ཕིང་དང་རྒྱ་ནག་གི་འགོ་ཁྲིད་ཚོ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་མེད་པ་དེ་ལ་བརྟེན་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སྐྲག་སྣང་ཡོད་པ་མཚོན་ཐུབ།།

གཟའ་ཟླ་བའི་ཉིན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཞིང་ཆེན་ཁག་གི་འགོ་ཁྲིད་ཚོ་དང་བློན་ཆེན་རིམ་པའི་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་དཀའ་ངལ་ཆེ་ཁག་རྣམས་སྔོན་འགོག་བྱེད་ཐུབ་པའི་འབད་བརྩོན་བྱ་དགོས། རྒྱ་ནག་གི་སྤྱི་ཚོགས་ལ་ཆབ་སྲིད་དང་ལྟ་གྲུབ། དཔལ་འབྱོར་དང་ཁོར་ཡུག ཕྱིའི་རྒྱུ་རྐྱེན་སོགས་ཕྱོགས་གང་ཐད་དུ་དཀའ་ངལ་འཕྲད་སྲིད་པའི་ཉེན་ཀ་ཡོད། རྒྱ་ནག་དམར་ཤོག་ཚོགས་པར་འཕྲལ་ཡུན་གཉིས་དང་རྙོག་འཛིང་ཅན་གྱི་དཀའ་ངལ་སྣ་མང་ཞིག་འཕྲད་བཞིན་ཡོད་པ་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་རྒྱུན་འཁྱོངས་བྱ་ཐུབ་མིན་དང་ལེགས་བཅོས། རྒྱ་ནག་གི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་སྒོ་འབྱེད། རྒྱལ་ནང་དང་ཕྱིའི་ཤུགས་རྐྱེན་སོགས་དཀའ་ངལ་སྣ་མང་ཞིག་འཕྲད་ཀྱིན་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་ཉམས་པ་དང་ནུས་པ་ཉམས་པ། མི་དམངས་དང་སེམས་ཐག་རིང་དུ་སོང་བ། རྒྱ་ནག་དམར་ཤོག་ཚོགས་པ་སྒྱིད་ལུག་དང་ལྐོག་ཟ་རུལ་སུངས་སུ་གྱུར་འདུག འདི་ནི་ཕྱོགས་ཡོངས་ལ་ཞིབ་འཇུག་བྱས་པའི་དངོས་ཡོད་གནས་སྟངས་ཀྱི་རྙེད་དོན་ཞིག་ཡིན་ཞེས་བཤད།།

ཕྱི་ཚེས་༢༡་ཉིན་ཞིས་ཅིན་ཕིང་གིས་ཛ་དྲག་གི་གཏམ་བཤད་བྱས་པ་དེ་འདྲ་ཞིག་༢༠༡༨་ལོའི་ཕྱི་ཟླ་༢་པའི་ནང་དུའང་བྱས་མྱོང་ཡོད་ཀྱང་ད་ལོ་རྒྱ་དམར་ཤོག་ཚོགས་པའི་ཡུན་རིང་གི་སྲིད་དབང་ལ་ཉེན་ཀ་ཚབས་ཆེན་ཞིག་འཕྲད་ཡོད་ཅེས་འཁོད་པ་ནི་རྗོད་ཚིག་གསར་པ་ཞིག་ཡིན་ཞིང་། སྲིད་འཛིན་ཞིས་ཅིན་ཕིང་གི་རྒྱ་ནག་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོ་དང་བློན་ཆེན་རིམ་པའི་ཚོགས་ཆེན་ལ་གཏམ་བཤད་བྱས་པ་ཆ་ཚང་ཞིག་ཕྱིར་བསྒྲགས་བྱས་མེད་མོད། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་འཛིན་སྲ་བརྟན་མེད་པ་ཕྱོགས་མང་པོ་ཞིག་ནས་ཡོང་གི་འདུག་ཅེས་ཉེན་བརྡ་གཏོང་རྒྱུ་ཤུགས་ཇེ་ཆེ་དང་ལན་གྲངས་ཇེ་མང་དུ་བཏང་སྟེ་རྒྱ་ནག་དམར་ཤོག་གི་ལམ་ལུགས་དེའི་མ་ལག་ཆ་ཚང་གིས་དོ་སྣང་བྱ་དགོས་པའི་ཤུགས་སྣོན་རྒྱག་གི་འདུག་ཅེས་པེ་ཅིང་གི་ཉམས་ཞིབ་པ་ཨི་ཐེར་དབྱིན་གྱིས་གསར་འགོད་པ་ཚོར་བཤད་འདུག

ད་ལོ་ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་བརྗོད་བྱ་རྣམས་ཛ་དྲག་ཅན་ཞིག་ཡིན་པའི་རྣམ་པ་ཐོན་པའི་རྒྱུ་མཚན་གཞན་ཞིག་ཨ་རི་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས་ཏེ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་དུང་ཕྱུར་མང་པོའི་སྒོ་ཁྲལ་སྤར་ནས་འཛམ་གླིང་གི་མ་རྐང་ཁྲོམ་ར་ཁག་ལ་འཕར་ཆག་ཤུགས་ཆེན་ཐེབས་ཀྱི་ཡོད་པར་འབྲེལ་བ་ཡོད་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་གྱི་ལས་དུས་ལ་ཚད་བཀག་ཡོད་པ་སྔ་ལོ་ཞིས་ཅིན་ཕིང་གིས་མེད་པར་བཏང་ཡོད་པས་ཨ་རི་དང་རྒྱ་ནག་གི་ཚོང་ལས་ཀྱི་འགལ་རྐྱེན་རྣམས་ཞིས་ཅིན་ཕིང་གིས་སེལ་དགོས་པའི་དམིགས་བསལ་གྱི་ལས་འགན་ཞིག་ཡོད། ད་ཐེངས་ཀྱི་ཚོགས་འདུ་འདི་ཞིས་ཅིན་ཕིང་གིས་གློ་བུར་དུ་བསྡུས་ཡོད་པའི་རྟགས་མཚན་ཞིག་རྒྱ་ནག་གི་ཞིང་ཆེན་ཁག་གི་འཐུས་མི་འགའ་ཞིག་གི་ལོ་རེའི་ཚོགས་འདུའི་དུས་ཚོད་སྔོན་ནས་གཏན་འབེབས་ཟིན་པ་རྣམས་བསྐྱར་དུ་བཅོས་སྒྲིག་བྱ་དགོས་ཐུག་འདུག ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ལ་འཐུས་མི་༢༠༠་ལྷག་ཡོད་པ་རྣམས་དུས་ནས་དུས་སུ་ཚོགས་འདུར་བསྡུས་ནས་ཛ་དྲག་གི་གནད་དོན་ཁག་ལ་ཞིབ་འཇུག་བྱེད་དུ་འཇུག་སྲོལ་ཡོད་ཀྱང་གཟའ་འཁོར་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་ཚོ་ཚོགས་འདུར་མ་བསྐོངས་པར་ཞིང་ཆེན་རིམ་པ་དང་བློན་ཆེན་རིམ་པའི་ཚོགས་འདུ་བསྡུས་པ་ཐེངས་དང་པོ་ཡིན་པའི་གནས་ཚུལ་ཐོན།།

རྒྱ་ནག་ལ་མཚོན་ན་༢༠༡༩་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་ལོ་༧༠་འཁོར་པ་དང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་ནས་ལོ་༣༠་འཁོར་པའི་དུས་དྲན། རྒྱ་ནག་ལ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་༤༠་འཁོར་པ་སོགས་ཀྱི་དུས་དྲན་སྣ་མང་ཞིག་མཉམ་དུ་ཁེལ་གྱི་ཡོད་པས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོར་ཧ་ཅང་གི་ཚོར་སྐྱེན་རྣོ་བའི་དུས་སྐབས་ཤིག་ཡིན་ཞིང་། འདས་པའི་ལོ་༤༠་ཡས་མས་ཤིག་གི་རིང་ལ་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་བཏང་བའི་གྲུབ་འབྲས་ངོམ་ནས་སྲིད་དབང་འཛིན་ཆོག་པའི་ཐོབ་ཐང་ཡོད་ཅེས་དག་སྐྱེལ་བྱས་ཡོད། ཡིན་ནའང་ད་ལྟ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་སྔར་བཞིན་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས། རྒྱ་ནག་གི་མི་དམངས་དབུལ་ཕྱུག་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་སྙོམས་ཐུབ་ཀྱི་མེད་པ། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་པ་དང་ཁྲིམས་འགལ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་འཛིན་དེ་ཉིད་རྒྱུན་འཁྱོངས་བྱེད་ཆོག་པའི་ཐོབ་ཐང་ཡོད་ཅེས་རྒྱུ་མཚན་བགྲང་དཀའ། ཞིས་ཅིན་ཕིང་གིས་མའོ་ཙེ་ཏུང་ལ་མིག་དཔེ་བལྟས་ནས་རྒྱ་ནག་གི་སྲིད་དབང་འཛིན་གྱི་ཡོད་ཀྱང་ཁོ་པར་མའོ་ཙེ་ཏུང་དང་ཏིན་ཞའོ་ཕིན་ལྟར་གྲུབ་འབྲས་དང་ལག་རྗེས་སྟོན་རྒྱུ་མི་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG