ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལིའུ་དང་ཡན་གཉིས་ཀྱིས་ཁེ་ན་ཌར་སྲིད་དོན་སྐྱབས་བཅོལ་ཞུས།


༄༅།། རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་ལིའུ་ཞཱིང་ལེན་དང་ཡན་ཁེ་ཧྥེན་གཉིས་ཐེ་ཝན་གྱི་ཏའོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་འགགས་ནས་ཉི་མ་༡༠༠་ལྷག་ཕྱིན་ཡོད་པ་དང་། གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་ལིའུ་ཞཱིང་ལེན་ལོ་༦༤་ལ་སོན་པའི་སྐྱེས་སྐར་དེ་ཏའོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་རྟེན་འབྲེལ་བྱ་དགོས་ཐུག་འདུག ལིའུ་ཞཱིང་ལེན་དང་ཡན་ཁེ་ཧྥེན་གཉིས་ཐེ་ལན་ཌི་ནས་ཐེ་ཝན་ལ་བྲོས་བྱོལ་དུ་ཡོང་སྟེ་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌར་སྲིད་དོན་སྐྱབས་བཅོལ་ཞུ་བཞིན་ཡོད་ཀྱང་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དེ་དག་ལེན་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། ཉེ་ཆར་སོ་ཌི་ཨ་རེ་བྷི་ཡའི་བུད་མེད་ཅིག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ལ་བྲོས་བྱོལ་དུ་སོང་། ཁོ་མོ་ཐེ་ལན་གཞུང་གིས་བཙན་གྱིས་རང་ཡུལ་ལ་ཕྱིར་སློག་བྱ་རྩིས་འདུག་ཅེས་ངོ་དེབ་ནང་དུ་ཁྱབ་བསྒྲགས་བྱས་པས་ཁེ་ན་ཌའི་གཞུང་གིས་འཕྲལ་དུ་སོ་ཌི་ཨ་རེ་བྷི་ཡའི་བུད་མེད་དེར་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་སྤྲད་ནས་ཁེ་ན་ཌར་བླངས་འདུག

ལོ་ན་༤༤་ལ་སོན་པའི་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་ཡན་ཁེ་ཧྥེན་དང་། ལིའུ་ཞཱིང་ལེན་གཉིས་ཀྱིས་ངོ་དེབ་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་དུ་ང་ཚོ་འདས་པའི་ཟླ་བ་གསུམ་ལྷག་གི་གོང་ནས་ཐེ་ཝན་གྱི་ཏའོ་ཡོན་རྒྱལ་སྤྱིའི་གནམ་ཐང་གི་ཐོག་བརྩེགས་བཞི་པའི་ཁང་པ་སྒེའུ་ཁུང་མེད་པ་ཞིག་གི་ནང་དུ་འཚོ་གནས་བྱེད་བཞིན་ཡོད། ང་ཚོས་མཁའ་རླུང་སོས་པ་འབྱིན་རྔུབ་མི་ཐུབ་པ་དང་ཉི་འོད་ཀྱང་མིག་གིས་མཐོང་མི་ཐུབ། ང་ཚོས་མཁའ་ལམ་ལས་ཁུངས་ཀྱིས་སྤྲད་པའི་ཤོག་སྒམ་ནང་གི་བཟའ་བཏུང་ལོངས་སུ་སྤྱད་ནས་འཚོ་བ་སྐྱེལ་བཞིན་ཡོད། ཟས་རིགས་དེ་རྣམས་ལུས་པོའི་བདེ་ཐང་དང་འཕྲོད་བསྟེན་ལ་ཡག་པོ་དེ་ཙམ་མི་འདུག་ཅེས་བཀོད། ལིའུ་ཞཱིང་ལེན་དང་ཡན་ཁེ་ཧྥེན་གཉིས་ཀས་ཁེ་ན་ཌ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྲིད་དོན་སྐྱབས་བཅོལ་ཞུ་བཞིན་ཡོད་ཀྱང་ཁེ་ན་ཌ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དེ་དག་ལ་སྲིད་དོན་སྐྱབས་བཅོལ་བའི་གནས་བབ་སྤྲོད་རྒྱུའི་ཁས་ལེན་ཐོབ་མེད་པ་དང་། ད་ལྟ་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པས་རྒྱ་ནག་གི་སྲིད་དོན་སྐྱབས་བཅོལ་བ་གཉིས་ཐེ་ཝན་གྱི་གནམ་ཐང་དུ་དུས་ཚོད་ངེས་མེད་བར་དུ་འགག་སྲིད་པའི་ཉེན་ཀ་ཡོད་པ་རེད།།

ཁྲིམས་མགོ་རང་བཙན་གྱི་ཐེ་ཝན་མཚོ་གླིང་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་འཛམ་གླིང་རྒྱལ་ཁབ་མང་ཆེ་བས་ངོས་འཛིན་བྱེད་ཀྱི་མེད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་ལ་ཐེ་ཝན་གྱི་ས་ཐོག་ཏུ་ཡན་ལག་ལས་ཁུངས་མེད་པ་དང་། དེར་བརྟེན་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དེ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་ལའང་སྲིད་དོན་སྐྱབས་བཅོལ་ཞུ་ཐུབ་ཀྱི་མེད་ཅིང་། ཉེ་བའི་ལོ་ཤས་ཤིག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་པེ་ཅིང་ལ་ཕོག་ཐུག་མི་གཏོང་བའི་ཆེད་དུ་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཚོར་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་རྒྱུ་དེར་འཛེམ་ཟོན་བྱེད་ཀྱི་ཡོད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་རྒྱ་ནག་ནས་བྲོལ་བྱོལ་དུ་ཡོང་བ་སྲིད་དོན་སྐྱབས་བཅོལ་བ་ཚོར་དོགས་ཟོན་གྱི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པས་ལིའུ་ཞཱིང་ལེན་དང་ཡན་ཁེ་ཧྥེན་གཉིས་ཐེ་ཝན་ནས་རྒྱ་ནག་ལ་ཕྱིར་སློག་མ་བྱས་ཀྱང་གནམ་ཐང་ནས་ཕྱི་ལ་འཐོན་དུ་མ་བཅུག་པར་བཞག་ཡོད་པ་རེད།།

ལིའུ་ཞཱིང་ལེན་དང་ཡན་ཁེ་ཧྥེན་གཉིས་ན་ནིང་ཕྱི་ཟླ་༩་ཚེས་༢༧་ཉིན་ཐེ་ཝན་ལ་འབྱོར། ཁོ་ཚོས་དུས་དེ་ནས་བཟུང་སྟེ་མཁའ་ལམ་ལས་ཁུངས་ཀྱིས་བཟའ་བཏུང་སྦྱིན་པ་བཏང་བ་དེ་ལ་བརྟེན་ནས་འཚོ་གནས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྲིད་དོན་སྐྱབས་བཅོལ་ཞུས་ནས་ང་ཚོ་ཐེ་ཝན་དུ་སྡོད་འདོད་མེད་ཅེས་བཤད། ཐོག་མར་ལིའུ་ཞཱིང་ལེན་དང་ཡན་ཁེ་ཧྥེན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ལ་བྲོས་བྱོལ་དུ་སོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་ལ་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་ཞུས། རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་གིས་ལིའུ་དང་ཡན་གཉིས་ལ་བདག་པོ་བརྒྱབ་ནས་བཞག་ཡོད་ཀྱང་ཐེ་ལན་གྱི་ཉེན་རྟོག་པ་ཚོ་ཡང་ནས་ཡང་དུ་ལིའུ་དང་ཡན་ལ་སུན་གཙེར་བྱེད་དུ་ཡོང་བས་ན་ནིང་ཕྱི་ཟླ་༩་ནང་ལིའུ་དང་ཡན་གཉིས་ཐེ་ཝན་ལ་བྲོས་བྱོལ་དུ་འགྲོ་རྒྱུའི་ཐག་བཅད། ལིའུ་ཞཱིང་ལེན་དང་ཡན་ཁེ་ཧྥེན་གཉིས་ཐེ་ལན་གྱི་ཉེན་རྟོག་པ་ཚོས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་རེད་ཅེས་སྐྲག་སྣང་བྱུང་བར་རྒྱུ་མཚན་མེད་པ་ཞིག་མིན་ཞིང་། ༢༠༡༤་ལོར་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ལན་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་༡༠༠་ལྷག་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དང་། ཡུ་རོབ་རྒྱལ་ཁབ་སུད་ཌན་གྱི་སྤྱི་དམངས་གུའི་མིན་ཧེ་ཞེས་པའི་དཔེ་དེབ་འཚོང་འགྲེམ་པ་ཞིག་ཐེ་ལན་གྱི་མཚོ་ཁ་ཞིག་དུ་གར་སོང་ཆ་མེད་དུ་གྱུར་ཏེ། ཕྱིས་སུ་ཁོ་པས་རྒྱ་ནག་གི་བརྙན་འཕྲིན་ཐོག་ཏུ་ཉེས་སྐྱོན་ངོས་ལེན་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།།

ལིའུ་དང་ཡན་གཉིས་ཀས་ང་ཚོ་ཐེ་ལན་གཞུང་གིས་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུ་རེད་ཅེས་སྐྲག་སྣང་བྱུང་སོང་། དེར་བརྟེན་ང་ཚོ་གནམ་གྲུའི་པ་སི་ཉོས་ནས་ཐེ་ཝན་ལ་བྲོས་བྱོལ་དུ་ཡོང་བ་ཡིན། ང་ཚོ་ཐེ་ཝན་དུ་གཞིས་ཆགས་ནས་སྡོད་རྩིས་མེད། ད་ནི་ཐེ་ཝན་གཞུང་གིས་ང་ཚོ་རྒྱ་ནག་ལ་ཕྱིར་སློག་བྱས་ཀྱང་སྐྲག་སྣང་ཆེན་པོ་ཞིག་ཡོང་གི་མི་འདུག ད་ལྟའི་བར་དུ་ང་ཚོར་ཐེ་ཝན་གཞུང་གིས་ལྟ་རྟོག་བཟང་པོ་བྱས་བྱུང་། ང་ཚོར་ཐེ་ཝན་གཞུང་དམངས་གཉིས་ལ་དཀའ་ངལ་སྤྲོད་འདོད་མེད། ཡིན་ནའང་ང་ཚོས་ངོ་དེབ་དང་ཊོས་ཊར་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བརྒྱུད་ནས་རང་གི་བདེ་སྡུག་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞུ་དགོས་ཀྱིན་འདུག ང་ཚོས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བརྒྱུད་ནས་ཕྱི་ལ་འབྲེལ་བ་བྱ་རྒྱུ་མཚམས་མ་བཅད་ན་ང་ཚོ་འཛམ་གླིང་མི་དམངས་ཀྱིས་བརྗེད་མི་སྲིད། ང་ཚོ་ད་དུང་ཡང་ཏའོ་ཡོན་གནམ་ཐང་དུ་ཅི་ཙམ་སྡོད་དགོས་མིན་བཤད་དཀའ། ཡིན་ནའང་ལོ་སར་གྱི་སྔོན་ལ་ཕྱི་ལོགས་སུ་འབུད་ཐུབ་པའི་རེ་བ་ཡོད་ཅེས་སེམས་འགུལ་ཐེབས་པའི་འཕྲིན་ཐུང་ཞིག་སྤེལ་འདུག ཐེ་ཝན་གཞུང་གིས་ང་ཚོས་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བའི་དཀའ་ངལ་ཆ་ཚང་སེལ་ཐུབ་ཀྱི་མེད་པར་ངོས་ལེན་ཡོད། ཐེ་ཝན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་ཀྱི་ཡོད་པའི་རྩ་དོན་དང་སྐྱབས་བཅོལ་བ་ལིའུ་དང་ཡན་གཉིས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད་པ་ནམ་ཡང་འདོར་གཏོང་མི་སྲིད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག

XS
SM
MD
LG