ངོ་འཕྲད་བདེ་བའི་དྲ་འབྲེལ།

ཊམ་གྱིས་ཀིམ་ལ་སྤྲིངས་པའི་འཕྲིན་ཡིག


༄༅།། གཟའ་མཇུག་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡར་ཕོ་ཉ་ཞིག་མངགས་ནས་ཀིམ་ཇུང་ཨུན་ལ་འཕྲིན་ཡིག་ཅིག་སྐྱེལ་དུ་བཅུག་པ་དང་། ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་སྟེ། གཟའ་འཁོར་འདིར་བྱང་ཀོ་རི་ཡའི་གསང་བའི་ལས་ཁང་གི་འགོ་ཁྲིད་ཟུར་པ་དང་བྱང་ཀོ་རི་ཡའི་གྲོས་མོལ་འགོ་བ་ཀིམ་ཡུང་ཆོལ་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཝ་ཤིང་ཊོན་ལ་གྲོས་མོལ་བྱེད་དུ་ཡོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་སྤྲིངས་པའི་འཕྲིན་ཡིག་དེར་བརྗོད་བྱ་ཅི་ཞིག་འཁོད་ཡོད་མེད་གསར་འགོད་པ་ཚོར་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་ཉེ་ཆར་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོ་ཐེ་ལན་གྱི་རྒྱལ་ས་བྷན་ཁོཀ་དང་ཝི་ཏེ་ནམ་གྱི་རྒྱལ་ས་ཧ་ནོ་ཡེ། ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་ཨ་རིའི་ཧ་ཝ་དབྱི་མངའ་སྡེ་བཅས་ལ་ཕེབས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ས་གནས་གང་དུ་ཐུག་འཕྲད་བྱ་དགོས་མིན་ལ་ལྟ་ཞིབ་སྐོར་སྐྱོད་དུ་ཕེབས་འདུག

གཟའ་འཁོར་སྔོན་མར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་ཞིག་བྱ་འཆར་ཡོད་པ་དེར་རྒྱབ་སྐྱོར་ཡོད། དེའི་རྗེས་སུ་ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ན་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་ཞི་བདེ་བརྟན་ལྷིང་བསྐྲུན་པའི་དགོས་ངེས་ཀྱི་ཆ་རྐྱེན་ཁག་ཅིག་འགྲུབ་ཐུབ། ཡིན་ནའང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་མ་བཏང་བར་དུ་ལྷོ་ཀོ་རི་ཡས་དོགས་ཟོན་བྱ་རྒྱུ་འཐུས་ཤོར་འགྲོ་མི་སྲིད་ཅེས་བཤད་ཀྱང་ལོ་འདིའི་ལྷོ་ཀོ་རི་ཡའི་རྒྱལ་སྲུང་སྙན་ཐོའི་ནང་དུ་བྱང་ཀོ་རི་ཡ་དགྲ་བོ་ཞིག་ཡིན་ཞེས་བཀོད་མེད་པ་དང་། འདི་ནི་༢༠༡༠་ནས་བཟུང་སྟེ་ལྷོ་ཀོ་ཡའི་རྒྱལ་སྲུང་སྙན་ཐོའི་ནང་དུ་བྱང་ཀོ་རི་ཡ་དགྲ་བོ་ཡིན་ཞེས་འགོད་སྲོལ་ཡོད་པ་དེར་འགྱུར་བ་ཐེབས་པ་ཐེངས་དང་པོ་ཡིན་ཞིང་། ད་ལོའི་སྙན་ཐོ་དེར་ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་རྣམས་ཀོ་རི་ཡའི་གླིང་ཟུར་གྱི་ཞི་བདེ་བརྟན་ལྷིང་ལ་ཉེན་ཀ་ཞིག་ཡིན་ཞེས་བཀོད།།

འདས་པའི་ལོ་མང་རིང་བྱང་ཀོ་རི་ཡ་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་ལུས་ཀྱང་༢༠༡༨་ལོར་ཀིམ་ཇུང་ཨུན་ལ་ཕྱི་འབྲེལ་གྱི་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་སྟེ། ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་བྱས་པ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་ཐེངས་གསུམ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཅིག་བྱས་ཡོད་པར་མ་ཟད། ༢༠༡༩་ལོ་ལའང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཕྱི་འབྲེལ་གྱི་གྲུབ་འབྲས་ཐོན་རྒྱུའི་རྟགས་མཚན་ཡོད་པ་སྟེ། བདུན་ཕྲག་སྔོན་མར་ཀིམ་ཇུང་ཨུན་གློ་བུར་དུ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། ཐ་ན་ཉི་ཧོང་གི་སྲིད་བློན་ཤཱིང་ཛོ་ཨ་བྷེས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད་ཅིང་། མདོར་ན་བྱང་ཀོ་རི་ཡས་རང་ལ་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀ་གཅིག་པུ་མིན་པར་སྟོབས་ཆེན་རྒྱལ་ཁབ་གཞན་པའང་མཐུན་གྲོགས་འབྲེལ་བ་བྱ་ས་ཡོད་པའི་རྣམ་འགྱུར་བསྟན། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་ཅི་ཞིག་བྱས་ཀྱང་རྒྱ་ནག་གིས་ཐེ་གཏོགས་ཆེན་པོ་བྱེད་ཐུབ་པའི་བརྡ་གསལ་བོ་ཞིག་བཏང་འདུག

ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་ཕྱོགས་སུ་གོམ་པ་མདུན་སྤོ་བྱས་ན་དེ་ལ་བཟང་ལན་ཇི་ལྟར་སློག་དགོས་མིན་གྲོས་བསྡུར་བྱེད་ཀྱི་ཡོད་སྐད། བྱང་ཀོ་རི་ཡའི་གླིང་བརྒལ་འཕེན་ཕོག་འཕུར་མདེལ་རྣམས་ལྷུ་ལག་བཤིག་ནས་ཕྱི་རྒྱལ་ལ་བཏང་བ་དང་རྡུལ་ཕྲན་ལས་གྲྭ་སྒོ་བརྒྱབ་ན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཁག་ཅིག་ཕྱིར་འཐེན་བྱ་རྒྱུ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཚོང་ལས་གཉེར་ཆོག་པ་དང་ཕྱོགས་གཉིས་ཀྱི་འབྲེལ་མཐུད་ལས་ཁང་སྒོ་འབྱེད་བྱེད་ཆོག་པ། མཐར་ཐུག་གི་དམིགས་ཡུལ་ནི་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྣམས་མེད་པར་གཏོང་དགོས་པ་དང་མེད་པར་བཏང་བ་དེ་ལ་རྒྱལ་སྤྱིའི་རྟོག་ཞིབ་པ་ཚོས་ངེས་གཏན་བྱེད་ཐུབ་པ། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པ་དེ་ལ་འགྱུར་བ་མེད་ཅེས་བསྒྲགས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡ་རང་གིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེར་ཁས་ལེན་གཙང་མ་ཞིག་མ་བྱུང་བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙལ་འགེལ་བྱེད་ཡོད་པ་རྣམས་སོར་གནས་བྱ་དགོས་ཞེས་བཤད་ཀྱང་རྒྱ་ནག་གིས་བྱང་ཀོ་རི་ཡར་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།།

ཀིམ་ཇུང་ཨུན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་སྐབས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་ཞིག་བྱ་འདོད་ཡོད་ཅེས་བསྐྱར་དུ་བཟློས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་ང་ལ་ཟླ་བ་འདིར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་འཕྲིན་ཡིག་ཡག་པོ་ཞིག་འབྱོར་བྱུང་། ངེད་གཉིས་གང་མགྱོགས་ཐུག་འཕྲད་གྲོས་མོལ་བྱ་སྲིད་ཅེས་བཤད། ཉམས་ཞིབ་པ་ཚོས་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་བར་བརྒལ་གྱི་གྲོས་མཐུན་ཞིག་འཇོག་རྒྱུ་དང་བར་བརྒལ་གྱི་གྲོས་མཐུན་དེར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་སྔོན་ལ་བསྒྲུབ་དགོས་པའི་ལས་དོན་རྣམས་འགོད་རྒྱུ། བར་བརྒལ་གྲོས་མཐུན་ལ་འཁོད་པའི་སྔོན་འགྲོའི་ལས་དོན་ཁག་གྲུབ་པའི་རྗེས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་མཐར་ཐུག་གི་གྲོས་མོལ་བྱ་དགོས་པའི་གྲོས་མཐུན་ཞིག་འཇོག་སྲིད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG