ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བཀག་ཉར་འོག་གི་ཕ་རྒན་རྩད་གཅོད།


བཀག་ཉར་འོག་གི་ཕ་རྒན་རྩད་གཅོད།
please wait

No media source currently available

0:00 0:01:32 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བཀག་ཉར་འོག་གི་ཕ་རྒན་རྩད་གཅོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་འཇར་མན་ཎིར་སློབ་སྦྱོང་བྱེད་བཞིན་པའི་ཞིན་ཅང་གི་ཡུ་གུར་བའི་སློབ་ཕྲུག་ཐ་དབྱི་ཨར་ཅང་ཟེར་བ་ཞིག་གི་ཕ་རྒན་ཏེ། ཞིན་ཅང་གི་ཁ་ཤི་སྒར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མུའུ་ཐི་ལི་ཧྥུའུ་སི་ཏིཀ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག ཁོང་འཛིན་བཟུང་བྱས་པའི་རྗེས་སུ་ཁ་ཤི་སྒར་སློབ་ཆེན་སོགས་ལ་ཐ་དབྱི་ཨང་ཅང་གིས་ཁ་པར་བཏང་ནས་ཕ་རྒན་འཛིན་བཟུང་བྱས་ནས་གང་དུ་ཉར་འཛིན་བྱེད་ཡོད་མེད་དང་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན་སོགས་འཇར་མན་ཎི་ནས་ཁ་པར་བཏང་སྟེ་རྩད་གཅོད་བྱས་པའི་དངོས་བྱུང་རྒྱུད་རིམ་གྱི་སྒྲ་ཕབ་ཅིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག

ཐ་དབྱི་ཨར་ཅང་གིས་ཞིན་ཅང་ཁ་ཤི་སྒར་སློབ་ཆེན་གྱི་བདེ་སྲུང་ལས་ཁུངས་ལ་ཁ་པར་བཏང་སྐབས་ཕར་ཕྱོགས་ནས་ཁྱོད་སུ་ཡིན་ཞེས་དྲིས། ཁོ་པས་ང་འཇར་མན་ཎིར་ཡོད། ང་ནི་རྒྱ་ནག་སློབ་གསོ་སྡེ་ཚན་གྱིས་གཞུང་འབྲེལ་ཐོག་ཏུ་ཕྱི་རྒྱལ་ལ་སློབ་སྦྱོང་དུ་མངགས་པའི་སློབ་ཕྲུག་ཅིག་ཡིན། ངའི་ཨ་ཕའི་མིང་ལ་མུའུ་ཐི་ལི་ཧྥུའུ་སི་ཏིཀ་ཟེར། ཁོང་ཁ་ཤི་སྒར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་མཁས་པ་ཞིག་ཡིན། ཁོང་གིས་ཁ་ཤི་སྒར་སློབ་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་ལ་ལོ་ངོ་བཞི་བཅུའི་རིང་སྲི་ཞུ་བསྒྲུབས་མྱོང་། འོན་ཀྱང་ཉིན་གཉིས་གསུམ་ཞིག་གི་གོང་དེར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱོད་ཚོས་ངའི་ཕ་རྒན་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་སོང་། ངས་ད་ལྟ་ཁོང་གང་དུ་ཡོད་མེད་དང་འཛིན་བཟུང་བྱ་དགོས་པའི་ཉེས་པ་ཅི་ཡིན་ཤེས་འདོད་ཡོད་ཅེས་བཤད་པར་ཕར་ཕྱོགས་ནས་ཁ་པར་མར་བཞག་ནས་ལན་མ་བཏབ།།

སྤྱི་ཟླ་དང་པོའི་ཚེས་༩་ཉིན་འཇར་མན་ཎི་ནས་ཁ་ཤི་སྒར་སློབ་ཆེན་གྱི་ཉེན་རྟོག་ལས་ཁུངས་སུ་ཁ་པར་ཐེངས་བརྒྱ་ལྷག་བཏང་རུང་སྐབས་རེར་ཁ་པར་གཏན་ནས་མི་འཕྲོད་པའམ། ཡང་ན་སྐབས་རེར་ཁ་པར་ཡར་བླངས་མ་ཐག་ཏུ་མར་བཞག་ནས་སྐད་ཆ་མི་བཤད་པ་སོགས་བྱས་འདུག མཐར་ཁ་ཤི་སྒར་སློབ་ཆེན་གྱི་ཆབ་སྲིད་ཚན་པའི་འགན་འཛིན་ཞིག་གིས་ཁྱོད་ལ་ལས་དོན་ཅི་ཞིག་ཡོད་ཀྱང་སློབ་གྲྭ་ལ་ཡོང་སྟེ་ངོ་ཚོར་ངོ་ཐུག་ནས་བཤད་དགོས། ཁ་པར་ནང་དུ་སྐད་བཤད་ཐུབ་ཀྱི་མེད་ཅེས་ལན་བཏབ་འདུག

ཐ་དབྱི་ཨར་ཅང་གིས་སླར་ཡང་ཁ་ཤི་སྒར་གྲོང་ཁྱེར་གྱི་བདེ་འཇགས་སྲུང་སྐྱོབ་ཉེན་རྟོག་པའི་ཁ་པར་ཨང་གྲངས་སོགས་འབྲེལ་ཡོད་སྡེ་ཚན་མང་པོ་ཞིག་ལ་ཁ་པར་བཏང་ནས་འདྲི་རྩད་བྱས་ཀྱང་ལན་འདེབས་བྱེད་མཁན་བྱུང་མེད་ཅིང་། ཁོ་པས་ཐུ་མཐུད་དུ་ཁ་ཤི་སྒར་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ལས་ཁང་ལ་ཁ་པར་བཏང་ནས་ཕ་རྒན་རྩད་གཅོད་བྱེད་ཀྱི་ཡོད་ཅེས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་འདུག

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་དང་། ཡུ་གུར་བ་འབུམ་ཕྲག་མང་པོ་བཀག་ཉར་བྱེད་ཀྱི་ཡོད་པ་དེ་དག་གི་གྲས་སུ་ཐ་དབྱི་ཨར་ཅང་གི་ཕ་རྒན་ལྟ་བུའི་ཡུ་གུར་བའི་ཤེས་ཡོན་ཅན་མང་པོ་ཞིག་ཚུད། ཐ་དབྱི་ཨར་ཅང་ནི་༡༩༨༠་ལོར་ཞིན་ཅང་གི་ཁ་ཤི་སྒར་དུ་སྐྱེས། ཕྱིས་སུ་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ལོ་གཉིས་ལ་རྒྱ་ཡིག་སྦྱངས། དེ་ནས་པེ་ཅིང་གི་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དུ་འཇར་མན་སྐད་ཡིག་ལ་སློབ་སྦྱོང་བྱས་ནས་སྤྱི་ལོ་༢༠༠༦་ལོར་རྒྱ་ནག་གིས་གཞུང་འབྲེལ་ཐོག་ཏུ་འཇར་མན་ཎིར་རབས་འབྱམས་ཞིབ་འཇུག་གི་སློབ་སྦྱོང་བྱེད་དུ་མངགས། ད་ལྟ་ཁོ་པས་འཇར་མན་གྱི་གྷོ་ཊི་གྷིན་སློབ་ཆེན་དུ་ཡུ་གུར་བའི་རྩོམ་རིག་གི་འབུམ་རམས་པའི་སློབ་སྦྱོང་བྱེད་བཞིན་འདུག

ཉེ་ཆར་འཛིན་བཟུང་འོག་ཏུ་ཚུད་པའི་མ་དབྱི་ལི་ཨར་ཅང་གི་ཕ་རྒན་དེས་སྔོན་ཆད་ཡུ་གུར་བའི་མིང་འདོགས་སྟངས་ལ་ཉམས་ཞིབ་བྱས་མྱོང་། སྤྱི་ལོ་༢༠༡༧་ལོར་སྲིད་གཞུང་གིས་ཡུ་གུར་བའི་མིང་འདོགས་སྟངས་ལ་ཚོད་འཛིན་བྱས་ནས་ཡུ་གུར་བའི་རྒྱུན་སྤྱོད་ཀྱི་མིང་༢༩་ལ་ཁ་བྲལ་གྱི་ནང་དོན་ཡོད་པའི་འགྲེལ་བཤད་བརྒྱབ་སྟེ་བཀག ཡུ་གུར་བའི་མིང་ཁག་ཅིག་གི་གོ་དོན་ལ་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱོན་ཡོད་པའི་ནང་དོན་འདྲེས་འདུག་ཅེས་ལན་ཁག་གཡར་ནས་མིང་ཁག་ཅིག་ཐོ་གཞུང་ནག་པོའི་ནང་དུ་བཅུག་ཡོད་ཅིང་། དཔེར་ཨོ་ས་མ་དང་ཇཱི་ཧ་ཐེ། ས་ཏམ་དང་ཨུ་དྷེ་སོགས་ཁེ་ཆེའི་མིང་རྣམས་ཞིན་ཅང་གི་གུ་ཡུར་བའི་བྱིས་པ་ཚོར་གདགས་མི་ཆོག་ཅེས་གཏན་ལ་ཕབ། དེར་བརྟེན་ཐ་དབྱི་ཨར་ཅང་གི་ཕ་རྒན་གྱིས་སྤྱི་ལོ་༢༠༡༠་ལོར་འགྲེམ་སྤེལ་བྱས་པའི་ཡུ་གུར་བའི་མིང་མཛོད་ཅེས་ཤོག་ངོས་༩༠༠་ཅན་གྱི་དཔེ་དེབ་ཅིག་ཡོད་པ་༢༠༡༧་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་སྔོན་དེར་ཞིན་ཅང་དུ་འགྲེམ་སྤེལ་བྱེད་མི་ཆོག་པའི་ཐག་བཅད། ད་དུང་དཔེ་དེབ་ཚང་མ་ཁྲོམ་ར་ནས་ཕྱིར་བསྡུ་བྱས་འདུག་པ་དང་དེའི་རྗེས་སུ་ཁོ་པ་ཐེངས་འགའ་ཞིག་ལ་རྒྱ་ནག་གི་གསང་བའི་ལས་ཁང་གིས་བཀག་ཉར་དང་འདྲི་གཅོད་བྱས་འདུག་པར་མ་ཟད། ད་ཐེངས་ཁོ་པ་བསྐྱར་དུ་འཛིན་བཟུང་བྱས་ཡོད་པས་ཐ་དབྱི་ཨར་ཅང་གིས་རང་གི་ཕ་རྒན་ལ་ཁྲིམས་ཐག་གཅོད་སྲིད་པའི་ཉེན་ཁ་འདུག་ཅེས་གསར་འགོད་པར་བཤད་འདུག

XS
SM
MD
LG