ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕོ་ལན་ཌི་དང་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སྔ་ལོ་ནས་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་དང་རྒྱ་ནག་གཞུང་གཉིས་འབྲེལ་བ་འདུག ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་བརྡ་འཕྲིན་འཕྲུལ་རིག་རྣམས་གསང་ཉུལ་གྱི་ཆེད་དུ་བཟོ་སྒྲིག་བྱས་ཡོད་པ་དང་ཧྭ་ཝེ་ཁ་པར་ནང་དུ་སྐད་ཆ་བཤད་པ་དང་ཡིག་ཆ་བསྐུར་ལེན་བྱས་པ་རྣམས་རྒྱ་ནག་གི་གསང་བའི་ལས་ཁང་གིས་ལྐོག་ཉན་བྱེད་ཐུབ་པ་དང་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད་འདུག་ཅེས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཉེན་བརྡ་བཏང་སྟེ། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་ལ་དོགས་ཟོན་བྱ་དགོས་ཐུག་ཡོད་ཅིང་། ད་ལྟ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཕོ་ལན་ཌི་གཞུང་གིས་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ལས་བྱེད་པ་ཞིག་དང་མི་གཞན་པ་ཞིག་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་འདུག

ཕོ་ལན་ཌིའི་གཞུང་གིས་འཛིན་བྱས་པའི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ལས་བྱེད་པ་དེ་རྒྱ་ནག་པ་ཞིག་ཡིན་པ་དང་ཅིག་ཤོས་ནི་ཕོ་ལན་བ་ཞིག་ཡིན་ཞིང་། ཁོ་ཚོར་གསང་ཉུལ་གྱི་ནག་ཉེས་བཙུགས་ཀྱང་ཧྭ་ཝེ་ཁ་པར་བཟོ་ཚོང་ལས་ཁང་གི་ལས་བྱེད་པ་དེ་དང་ཕོ་ལན་བ་གཉིས་ཀས་རང་ལ་ནག་ཉེས་ཡོད་པ་ངོས་ལེན་བྱས་མི་འདུག རྒྱ་ནག་པ་དེ་ནི་ཕོ་ལན་ཌི་རྒྱལ་ཁབ་ཏུ་བཅའ་སྡོད་ཧྭ་ཝེ་ཁ་པར་བཟོ་ཚོང་ལས་ཁང་གི་ཚོང་གཉེར་བ་ཡིན་པ་དང་མི་གཞན་པ་དེ་ནི་ཧྥ་རན་སིའི་ཁ་པར་ལས་ཁང་ཞིག་གི་ལས་བྱེད་པ་ཡིན། ཁོ་ཚོར་ཕོ་ལན་ཌིའི་གཞུང་འབྲེལ་མི་སྣ་ཚོས་འདྲི་གཅོད་བྱས་ཀྱང་ལན་འདེབས་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཕོ་ལན་ཌིའི་ཉེན་རྟོག་པ་ཚོས་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ལས་བྱེད་པ་དེ་དང་ཧྥ་རན་སིའི་ཁ་པར་ལས་ཁང་གི་ལས་བྱེད་པ་དེའི་ཁྱིམ་ལ་སྔོག་བཤེར་བྱས་ཀྱང་དོ་བདག་གཉིས་འཛིན་བཟུང་བྱ་རྒྱུ་དེ་ལ་ཁྲིམས་ཁང་གི་བཀའ་རྒྱ་འཐོབ་པར་ཉི་མ་གཉིས་སྒུག་དགོས་ཐུག་ཅིང་། འདི་ནི་ཕོ་ལན་ཌི་རྒྱལ་ཁབ་ཀྱི་ཁྲིམས་དོན་འགྲོ་ལུགས་ཤིག་ཏུ་གྱུར་ཡོད། ད་སྔ་ཕོ་ལན་ཌི་གཞུང་གིས་མི་དེ་ཚོས་གསང་ཉུལ་གྱི་ཁྲིམས་འགལ་ཅི་ཞིག་བྱས་ཡོད་པ་ཕྱིར་བསྒྲགས་བྱས་མེད་པ་རེད།།

ཉེ་ཆར་ཨ་མི་རི་ཀས་རེ་སྐུལ་ཞུས་པ་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་བཀག་ཉར་བྱས་པ་དང་། དེར་བརྟེན་རྒྱ་ནག་གཞུང་གིས་སྔ་རྗེས་སུ་ཁེ་ན་ཌའི་སྤྱི་དམངས་ཁག་ཅིག་རྒྱ་ནག་གི་ས་ཐོག་ཏུ་བཀག་ཉར་བྱས་ཏེ། ཁོ་ཚོས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཁྲིམས་འགལ་གྱི་ཚོང་ལས་གཉེར་གྱིན་འདུག་ཅེས་ནག་ཉེས་བཙུགས། རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་ལ་ཧྭ་ཝེ་ཁ་པར་བཟོ་ཚོང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་འཕྲལ་དུ་གློད་གྲོལ་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་རུང་ཨ་མི་རི་ཀས་མེན་ཝན་ཀྲུག་ལ་ཧྭ་ཝེ་ཁ་པར་བཟོ་ཚོང་དང་རྒྱ་ནག་གཞུང་གི་འབྲེལ་བ། རྒྱ་ནག་གི་གསང་བའི་ལས་ཁང་གིས་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ཡོ་བྱད་བཀོལ་ནས་གསང་ཉུལ་ཇི་ལྟར་བྱེད་ཀྱི་ཡོད་མེད་འདྲི་གཅོད་ནན་པོ་བྱེད་ཀྱི་ཡོད་པ་དང་། ཨ་རིའི་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་ལ་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་བཀག་ཉར་བྱེད་དུ་བཅུག་ནས་བཟུང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་སྤྱི་དམངས་རྣམས་རྒྱ་ནག་ལ་འགྲིམ་འགྲུལ་བྱེད་ན་གཟབ་ནན་བྱ་དགོས་ཞེས་བརྡ་ཁྱབ་ཅིག་བཏང་ཡོད་པ་རེད།།

ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་དང་གཞུང་གི་ལས་ཁུངས་ཁག་གིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་ཁ་པར། རྒྱ་ནག་གི་ཁ་པར་ལས་ཁང་དེ་དག་གི་བརྡ་འཕྲིན་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པར་མ་ཟད། ད་ལོ་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་ཁ་པར། ཁ་པར་ལས་ཁང་དེ་དག་གི་བརྡ་འཕྲིན་ཡོ་བྱད་རྣམས་བཙོང་མི་ཆོག་པའི་བཀག་སྡོམ་བྱ་འཆར་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་པ་རེད། ཨ་མི་རི་ཀ་གཅིག་པུ་མིན་པར་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། ཉི་ཧོང་དང་ཐེ་ཝན། དབྱིན་ཇི་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱིས་ཀྱང་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་ཁ་པར། ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་བརྡ་འཕྲིན་ཡོ་བྱད་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་འགོག་བྱེད་ཀྱི་ཡོད་པ་དང་། ད་ལྟ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཕོ་ལན་ཌིའི་གཞུང་གིས་ཀྱང་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ཐོན་སྐྱེད་ལ་དོགས་ཟོན་བྱ་རྒྱུ་འགོ་ཚུགས་འདུག

XS
SM
MD
LG