ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་མེ་སྒྱོགས་རུ་ཁག


PLC-181 howitzer (image: PLAGF WeChat account)
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གིས་བོད་མཐོ་སྒང་ལ་མི་དམངས་བཅིངས་འགྲོལ་དམག་འགྲེམ་འཇོག་བྱས་ནས་ལོ་ངོ་བཅུ་ཕྲག་མང་པོ་འགྲོ་བཞིན་ཡོད་ཀྱང་ད་དུང་ཡང་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་མི་དམངས་བཅིངས་འགྲོལ་དམག་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་སྟབས་བདེ་མེད་ཅིང་། ལྷག་པར་དུ་རྒྱ་དཀར་ནག་གཉིས་ལ་སླར་ཡང་བོད་ཀྱི་མཐའ་མཚམས་ཁག་ཏུ་དམག་འཁྲུག་ཅིག་འབྱུང་ཚེ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་མེ་སྒྱོགས་རུ་ཁག་དང་ལྕགས་འཁྲབ་འཁོར་ལོའི་དཔུང་སྡེ་ཁག་རྒྱ་གར་གྱི་ས་མཚམས་སུ་འཕྲལ་དུ་འདྲེན་གཏོང་བྱ་རྒྱུ་དཀའ་ངལ་ཆེན་པོ་ཞིག་ཡོད། སྔ་ལོ་རྒྱ་ནག་གིས་བོད་མཐོ་སྒང་དུ་བཀོལ་སྤྱོད་བདེ་བའི་ལྕགས་འཁྲབ་འཁོར་ལོའི་དཔུང་སྡེ་དང་། ད་ལྟ་བོད་མཐོ་སྒང་དུ་སྐྱེལ་འདྲེན་བདེ་བའི་མེ་སྒྱོགས་རུ་ཁག་གི་དཔུང་སྡེ་ཞིག་གསར་འཛུགས་བྱས་ནས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་སྟོབས་ཤུགས་ཆེ་རུ་བཏང་འདུག

ཕྱི་ཟླ་དང་པོའི་ཚེས་༨་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྒྱ་ནག་གཞུང་གིས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་ལ་ལྕགས་འཁྲབ་འཁོར་ལོ་དང་མེ་སྒྱོགས་རུ་ཁག་གི་དཔུང་སྡེ་གསར་པ་རེ་ཁ་སྣོན་བྱས་པ་ནི་བོད་མཐོ་སྒང་གི་འཐབ་འཁྲུག་ནུས་པ་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན་ཞིང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་མི་དམངས་བཅིངས་འགྲོལ་དམག་གི་སྐམ་དམག་གི་སྐད་འཕྲིན་ནང་དུ་གསར་འགྱུར་འདི་ཁྱབ་བསྒྲགས་བྱས་སོང་ཞེས་གོ་ལའི་དུས་བབ་ཚར་པར་ལ་གནས་ཚུལ་སྤེལ་བ་ལུང་འདྲེན་བྱས་འདུག དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་བོད་མཐོ་སྒང་དུ་གསར་འཛུགས་བྱས་པའི་མེ་སྒྱོགས་རུ་ཁག་ནི་ཕི་ཨལ་སི་༡༨༡་རྟགས་ཅན་གྱི་མེ་སྒྱོགས་རུ་ཁག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། དབྱིན་སྐད་དུ་ཧོ་ཝིཏ་ཛར་དང་རྒྱ་སྐད་དུ་ལིའུ་ཏན་མེ་སྒྱོགས་ཟེར་པ་ནི་དམག་གི་རླངས་འཁོར་ཐོག་ཏུ་བསྐྱོན་ནས་སྐྱེལ་འདྲེན་བདེ་བ། ཧོ་ཝིཏ་ཛར་མེ་སྒྱོགས་ཀྱི་མདེའུ་རྣམས་རྒྱང་ཁད་སྤྱི་ལེ་༥༠་ཙམ་ལ་སྙོབ་པ་དང་༢༠༡༧་ལོར་རྒྱ་དཀར་ནག་གཉིས་ཀྱིས་བོད་དང་འབྲུག་ཡུལ་གྱི་ས་མཚམས་འབྲོག་ལམ་ཁུལ་དུ་དམག་འཁྲུག་རྒྱག་གྲབས་བྱས་ནས་བཟུང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཧོ་ཝིཏ་ཛར་མེ་སྒྱོགས་རུ་ཁག་རྒྱ་གར་གྱི་ས་མཚམས་ཁག་ཏུ་འགྲེམ་འཇོག་བྱས་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་དམག་དོན་ཉམས་ཞིབ་པ་སུང་ཀྲུང་ཕིང་གིས་༢༠༡༧་ལོར་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་གི་ཛ་དྲག་བྱུང་ཡོད། དེ་ནས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་ལ་བཀོལ་སྤྱོད་བདེ་བའི་ལྕགས་འཁྲབ་འཁོར་ལོའི་དཔུང་སྡེ་ཞིག་གསར་འཛུགས་བྱས་པ་དང་། ད་ལྟ་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་ལ་སྐྱེལ་འདྲེན་བདེ་བའི་མེ་སྒྱོགས་རུ་ཁག་གི་དཔུང་སྡེ་ཞིག་ཀྱང་གསར་འཛུགས་བྱས་ནས་མི་དམངས་བཅིངས་འགྲོལ་དམག་གི་འཐབ་འཁྲུག་ནུས་པ་ཆེ་རུ་བཏང་འདུག བོད་མཐོ་སྒང་དུ་འགྲེམ་འཇོག་བྱེད་ཡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་ལྕགས་འཁྲབ་འཁོར་ལོ་རེ་ལ་རྟ་སྟོང་ཕྲག་གཅིག་གི་སྟོབས་ཤུགས་ཡོད་པ་དང་ལྕགས་འཁྲབ་འཁོར་ལོ་རེ་རེར་ལྕི་ཚད་ཊོན་༣༢་ནས་༣༥་ཙམ་ལས་མེད་པར་བརྟེན། ལྕགས་འཁྲབ་འཁོར་ལོ་དེ་རྣམས་བོད་ཀྱི་མཐོ་སྒང་རི་ལུང་ཀུན་ཏུ་རྒྱུག་ཐུབ་ཅེས་འགྲེལ་བཤད་བརྒྱབ་པར་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་དང་དམག་དོན་ཉམས་ཞིབ་པ་ཚོས་དོ་སྣང་དང་། རྒྱ་གར་གྱི་དམག་གིས་བོད་མཐོ་སྒང་ལ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ལྕགས་འཁྲབ་འཁོར་ལོ་དང་མེ་སྒྱོགས་རུ་ཁག་གི་དཔུང་སྡེ་ཞིག་གསར་འཛུགས་བྱས་པར་ཞིབ་འཇུག་གཟབ་ནན་བྱེད་ཀྱི་ཡོད་པ་རེད།།

༢༠༡༩་ལོར་བོད་སྡོད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་མདོ་དབུས་མཐོ་སྒང་དུ་སྐྱེལ་འདྲེན་བདེ་བའི་མེ་སྒྱོགས་འཕེན་སྟངས་ལ་སྦྱོང་བརྡར་སྤྲོད་རྒྱུ་དང་མེ་སྒྱོགས་བཀོལ་སྤྱོད་ཀྱི་ལག་རྩལ་སྦྱོང་བརྡར་ལ་འགྲན་སྡུར་ཚུགས་རྒྱུ། གཟའ་འཁོར་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་ལ་འཐབ་འཁྲུག་གི་ནུས་པ་ཆེ་རུ་གཏོང་དགོས། རྒྱ་ནག་ལ་ཕྱི་ནང་གཉིས་སུ་ཉེན་ཀ་འཕྲད་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད། མི་དམངས་བཅིངས་འགྲོལ་དམག་གིས་དུས་དང་རྣམ་པ་ཀུན་ཏུ་འཐབ་འཁྲུག་རྒྱག་ཆོག་ཆོག་གི་གྲ་སྒྲིག་བྱ་དགོས། རྒྱ་ནག་གི་ས་མཚམས་རྩོད་གཞི་ཁག་ཐག་གཅོད་གཙང་མ་ཞིག་བྱུང་མེད། བོད་རང་བཙན་གྱི་སྟོབས་ཤུགས་དང་འཇིགས་སྐུལ་རིང་ལུགས་པ་ཚོས་ཟིང་འཁྲུག་སློང་གི་ཡོད་ཅེས་བཀའ་བཏང་ཡོད་ཅིང་། རྒྱ་ནག་གི་ཉམས་ཞིབ་པ་ཀྲའོ་གན་ཁྲེང་གིས་བོད་མཐོ་སྒང་དུ་མི་དམངས་བཅིངས་འགྲོལ་དམག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་བཞིན་འདུག ཡིན་ནའང་འདི་ནི་རང་སྲུང་གི་ཆེད་དུ་ཡིན་པ་ལས་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱ་རྒྱུའི་ཆེད་དུ་མིན། བོད་མཐོ་སྒང་ལ་འགྲེམ་འཇོག་བྱེད་ཡོད་པའི་མི་དམངས་བཅིངས་འགྲོལ་དམག་གིས་རྫ་རི་མཐོ་ས་དང་གནམ་གཤིས་གྲང་སར་འཐབ་འཁྲུག་གི་ནུས་པ་ཆེ་རུ་གཏོང་བའི་སྦྱོང་བརྡར་བྱ་དགོས་ཀྱིན་འདུག བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་ལས་འགན་གཙོ་བོ་ནི་མཐའ་མཚམས་སྲུང་སྐྱོབ་དང་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ། ཕྱི་རྒྱལ་གྱི་བཙན་འཛུལ་བར་འཐབ་རྒོལ་བྱེད་པའི་ཆེད་དུ་ཡིན་ཞེས་བཤད། མི་དམངས་བཅིངས་འགྲོལ་དམག་ལ་རྫ་དུག་འཕོག་གི་ཡོད་པ་བཅོས་ཐབས་སུ་༢༠༡༥་ནས་དམག་ས་ཁག་ཏུ་འཚོ་རླུང་གསོག་འཇོག་ཁང་འཛུགས་སྐྲུན་བྱས་ནས་སྨན་བཅོས་བྱེད་འགོ་ཚུགས། ད་ལྟ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་སྦྱོང་བརྡར་སྤྲོད་ཡུལ་ཁག་ཏུའང་འཚོ་རླུང་གསོག་འཇོག་ཁང་འཛུགས་སྐྲུན་བྱས་ནས་མཐུན་རྐྱེན་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG