ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་རྟོག་ཞིབ་ཚོགས་པ་ཞིན་ཅང་ལ་བསྐྱོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལྟའི་བར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱལ་སྤྱིའི་གསར་འགོད་པ་དང་ཉམས་ཞིབ་ཚོགས་པ་རྣམས་ཞིན་ཅང་གི་སློབ་གསོ་བསྐྱར་མ་སྤེལ་ས་ཡིན་ཟེར་པའི་བཀག་ཉར་ཁང་དེ་དག་གི་གནས་སྟངས་ལ་ཞིབ་འཇུག་བྱེད་དུ་ས་གནས་ས་ཐོག་ལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་གཅིག་ཀྱང་ཞིན་ཅང་ལ་གནས་ཚུལ་རྒྱུས་ལོན་བྱེད་དུ་བཏང་མེད་པ་རེད།།

སྤྱི་ལོ་༢༠༡༨་ལོའི་སྤྱི་ཟླ་༡༢་པའི་ཚེས་༦་ནས་ཚེས་༡༠་བར་དུ་ཧོང་ཀོང་བདེ་སྲུང་ལྷན་ཁང་གི་འགན་འཛིན་གཞོན་པ་ཆུས་ཀྲི་ཀོང་གིས་སྣེ་ཁྲིད་པའི་ཧོང་ཀོང་གི་འཇིགས་སྐུལ་འཐབ་རྒོལ་དཔུང་སྡེའི་དཔོན་དམག་༧་ཞིན་ཅང་ས་ཁུལ་ལ་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་ཕྱོགས་སུ་ལྟ་ཞིབ་ཏུ་ཕྱིན་ཡོད་ཅིང་། ལྟ་ཞིབ་ཚོགས་ཆུང་དེ་ཧོང་ཀོང་ལ་ཕྱིར་ལོག་བྱས་པའི་རྗེས་སུ་ཧོང་ཀོང་གི་ཉེན་རྟོག་ལྷན་ཁང་གི་འགན་འཛིན་ལུའུ་ཝེ་ཚུང་གིས་རྩ་བའི་ཆ་ནས་ཧོང་ཀོང་གི་བདེ་འཇགས་ཉེན་ཀ་མེད་། ཡིན་ནའང་ཕྱིའི་རྒྱལ་ཁབ་དང་རྒྱ་ནག་སྐམ་ས་ཆེན་མོར་འཇིགས་སྐུལ་དྲག་སྤྱོད་སྤེལ་བའི་གནས་ཚུལ་འབྱུང་ཡོད་པའི་སྟབས་ཀྱིས་ཧོང་ཀོང་གི་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན་གཞོན་པས་སྣེ་ཁྲིད་པའི་ཚོགས་ཆུང་ཞིག་ཞིན་ཅང་ལ་ཕྱིན་ནས་འཇིགས་སྐུལ་དྲག་སྤྱོད་འབྱུང་ས་དེར་ཉམས་མྱོང་ལེན་རྒྱུ་དང་། དྲག་སྤྱོད་ཀྱི་གནས་ཚུལ་མི་འབྱུང་བའི་ཆེད་དུ་སྔོན་འགོག་ཇི་ལྟར་བྱ་རྒྱུ་སོགས་སློབ་སྦྱོང་བྱེད་དུ་ཕྱིན་པ་ཡིན། ཚོགས་ཆུང་དེ་ཞིན་ཅང་གི་སློབ་གསོ་བསྐྱར་མ་སྤེལ་ས་ཁག་ཏུ་ཕྱིན་མེད་ཅེས་བཤད།།

དེ་རིང་ཧོང་ཀོང་གྲོས་ཚོགས་ཀྱིས་གནས་ཚུལ་དེའི་སྐོར་ལ་ཧོང་ཀོང་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན་ལི་ཅ་ཁྲོ་ལ་འདྲི་རྩད་བྱས་ཀྱང་ཧོང་ཀོང་གི་རྟོག་ཞིབ་ཚོགས་ཆུང་གིས་ཉིན་ཤས་རིང་ཞིབ་འཇུག་བྱས་པའི་གོ་རིམ་ལྟར་ན་ཞིན་ཅང་གི་དྲག་སྤྱོད་པ་འགོག་སྲུང་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་འཕྲོག་བཞིན་པའི་གནས་ཚུལ་གང་ཡང་མཐོང་ཐོས་བྱུང་མ་སོང་། འཇིགས་སྐུལ་དྲག་སྤྱོད་པ་འགོག་སྲུང་གི་ལས་དོན་ལ་ཕྱོགས་ཞེན་གྱི་མིག་གིས་བལྟ་མི་རུང་ཞེས་བཤད་འདུག ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཡ་ཡོ་ཆོ་ཡིས་ཞིན་ཅང་གི་སློབ་གསོ་བསྐྱར་མ་སྤེལ་སའི་སྐོར་ལ་དྲི་བ་འདོན་སྐབས་སློབ་གསོ་བསྐྱར་མ་སྤེལ་སར་རྟོག་ཞིབ་བྱ་རྒྱུ་ནི་ཐེངས་འདིའི་རྟོག་ཞིབ་ལས་གཞིའི་ཁོངས་སུ་མེད་ཅེས་ལན་འདེབས་བྱས་འདུག

གཞན་ཡང་ཧོང་ཀོང་རྟོག་ཞིབ་ཚོགས་ཆུང་འདིས་ད་ལོ་མུ་མཐུད་དུ་རྒྱ་ནག་གི་པེ་ཅིང་གྲོང་ཁྱེར་དང་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་ཕྱིན་ནས་ཞིན་ཅང་ལྟར་འཇིགས་སྐུལ་དྲག་སྤྱོད་པ་འགོག་སྲུང་བྱེད་ཕྱོགས་ལ་རྟོག་ཞིབ་བྱ་འཆར་ཡོད་ཅིང་། ཧོང་ཀོང་གི་རྟོག་ཞིབ་པ་རྣམས་ཞིན་ཅང་ལ་བསྐྱོད་པ་དེར་གླེང་སློང་ཆེན་པོ་ཡོང་གི་འདུག་ཅེས་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་བཀོད། ལོ་སྔོན་མའི་སྤྱི་ཟླ་༡༡་པའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་བྱས་སྐབས་འཇར་མན་ཎི་དང་ཨ་རི། ཧྥ་རན་སི་སོགས་ཀྱིས་རྒྱ་ནག་ལ་ཞིན་ཅང་གི་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་རྣམས་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན་ཡོད་པར་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་མང་པོས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་ནས་ཞིན་ཅང་གི་བཀག་ཉར་ཁང་རྣམས་སྒོ་རྒྱག་དགོས་ཞེས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཀྱང་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ལག་ཤེས་སློབ་སྦྱོང་སྤྲོད་ཀྱི་ཡོད། ཁོ་ཚོ་བཀག་ཉར་བྱས་མེད་ཅེས་ངོས་ལེན་གཏན་ནས་བྱེད་ཀྱི་མེད་པ་དང། ད་སྔ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་ཁང་དེ་དག་གི་ནང་བཅུག་ཡོད་པ་ཡོངས་གྲགས་སུ་ར་སྤྲོད་བྱུང་ཡོད་པ་རེད།།


XS
SM
MD
LG