ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཐེ་ཝན་ལ་རང་སྟོབས་ཞན་པའི་སེམས་ཁྲལ་ཇེ་ཆེ།


༄༅།། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏིང་ཧུས་རྒྱ་ནག་གིས་དམག་དོན་དང་དཔལ་འབྱོར། འཕྲུལ་རིག་ལག་རྩལ་དང་ཤེས་ཡོན་བཅས་ཀྱི་ཐབས་ལམ་བརྒྱུད་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་འབད་བརྩོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པས་ཐེ་ཝན་པ་ཚོར་རང་གི་སྟོབས་ཤུགས་ཞན་པའི་སེམས་ཁྲལ་ཤུགས་ཆེ་རུ་འགྲོ་བཞིན་འདུག རྒྱ་ནག་གིས་སཱ་ལ་མཱི་ཤ་ལྷེབ་ལྟར་མངོན་གསལ་མེད་པར་ཕ་རོལ་པོ་ལྷེབ་མོ་རེ་རེ་བྱས་ནས་བཀོག་སྟེ་རྩ་མེད་གཏོང་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་འདུག་ཅེས་བཤད།།

ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༤་ཉིན་ཉི་ཧོང་གི་སན་ཀེ་ཤིམ་བུན་ཉིན་རེའི་ཚགས་པར་གྱིས་སྲིད་འཛིན་ཟུར་པ་ལི་ཏིང་ཧུའི་ལ་ཐེ་ཝན་ཆབ་སྲིད་དང་དམངས་གཙོའི་ལམ་ལུགས། རྒྱ་ནག་གི་བཙན་དྲག་བཅས་ལ་བཅར་འདྲི་རིང་པོ་ཞིག་ཞུས་པར་མ་ཟད། གཟའ་འཁོར་སྔོན་མར་སན་ཀེ་ཤིམ་བུན་གསར་འགྱུར་ལས་ཁང་གིས་སླར་ཡང་སྲིད་འཛིན་ཟུར་པ་ལི་ཏིང་ཧུ་ལ་དོགས་གཅོད་ཞུས་ཏེ་བཅར་འདྲི་ཆ་ཚང་རྩོམ་ཡིག་གི་རྣམ་པར་བཀོད་ནས་ཕྱི་ཟླ་དང་པོའི་ཚེས་༤་དང་ཚེས་༥་གཉིས་ལ་འགྲེམ་སྤེལ་བྱས་འདུག འདི་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་གཉིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱ་དགོས། རྒྱ་ནག་གིས་ཐེ་ཝན་རང་བཙན་ལ་དམག་གིས་དྲག་གནོན་བྱ་རྒྱུ་མིན་པའི་ཁག་ཐེག་བྱེད་མི་ཐུབ་ཅེས་གཏམ་བཤད་བྱས་པའི་རྗེས་སུ་ཐོན་པའི་རྩོམ་ཡིག་ཅིག་ཡིན་ཞིང་། སྲིད་འཛིན་ཟུར་པ་ལི་ཏིང་ཧུས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་འཕྲོ་ནས་ཞིས་ཅིན་ཕིང་རྒྱ་ནག་གི་སྲིད་དབང་གཅིག་སྡུད་པ་ཆེས་གདུག་རྩུབ་ཅན་དེ་རེད། ཞིས་ཅིན་ཕིང་ལ་མའོ་ཙེ་ཏུང་ལྟར་ཆབ་སྲིད་ཀྱི་བྱས་རྗེས་སྟོན་རྒྱུ་མེད་པས་ཐེ་ཝན་ལ་བཙན་དྲག་བཀོལ་ནས་མཚོ་འགག་ཕྱོགས་གཉིས་གཅིག་སྒྱུར་བྱ་རྒྱུའི་འབད་བརྩོན་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་སྲིད་དབང་སྲ་བརྟན་གཏོང་ཐབས་བྱེད་ཀྱིན་འདུག་ཅེས་བཤད་ཡོད་པ་རེད།།

ཉི་ཧོང་གི་གསར་འགོད་པའི་བཅར་འདྲིའི་སྐབས་སུ་ཐེ་ཝན་གྱི་སྲིད་འཛིན་པ་ལི་ཏིང་ཧུས་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ན་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་དགོས་པའི་བཅའ་ཁྲིམས་གཏན་འབེབས་བྱུང་ཡོད། ཡིན་ནའང་ཐེ་ཝན་དང་རྒྱ་ནག་གི་དམག་འཁྲུག་དེར་ཨ་མི་རི་ཀས་ཐེ་གཏོགས་རྒྱ་ཆེ་ཆུང་ཅི་ཙམ་བྱ་དགོས་པ་གསལ་བོར་བཀོད་མེད་ཅིང་། རྒྱུ་མཚན་དེ་ལ་བརྟེན་ནས་ཐེ་ཝན་གྱིས་ཨ་མི་རི་ཀར་རེ་ལྟོས་འཆང་རྒྱུ་མཐོ་དྲགས་ན་ཉེན་ཀ་ཡོད། འདི་དང་དུས་མཚུངས་སུ་ཨ་མི་རི་ཀའི་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག་དེས་རྒྱ་ནག་ལ་དཀའ་ངལ་ཆེན་པོ་སྤྲོད་སྲིད། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུའི་དབང་དུ་བཏང་ཚེ། རྒྱ་ནག་ལ་ཚད་ལས་བརྒལ་བའི་དཔལ་འབྱོར་གྱི་གྱོང་གུད་འཕོག་རྒྱུ་ཉག་ཅིག་ཡིན། དཔེར་ན་༡༩༨༩་ལོར་རྒྱ་ནག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པའི་རྗེས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། རྒྱ་ནག་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་མ་བཅུག་པར་གྲོགས་མེད་ཁེར་རྐྱང་དུ་བཞག་པའི་གནས་ཚུལ་བྱུང་བ་ལུང་འདྲེན་བྱས་འདུག

གསར་འགོད་པས་སྲིད་འཛིན་ཟུར་པ་ལི་ཏིང་ཧུའི་ལ་ཐེ་ཝན་གྱིས་རྒྱ་ནག་ལ་སྲིད་ཇུས་གང་འདྲ་ཞིག་འཛིན་དགོས་སམ་ཞེས་དྲིས། སྐུ་ཞབས་ལི་ཏིང་ཧུས་ཐེ་ཝན་གྱིས་རྒྱ་ནག་ལ་འཕྲལ་ཕུགས་གཉིས་ཀྱི་སྲིད་ཇུས་ཤིག་བཟུང་ནས་ཐེ་ཝན་གནས་བབ་དང་ཆགས་གནས་རྒྱུན་འཁྱོངས་ཐུབ་པའི་འབད་བརྩོན་བྱ་དགོས། ཐེ་ཝན་གྱིས་ཨ་མི་རི་ཀ་དང་ཉི་ཧོང་ལའང་འབྲེལ་བ་ཡར་རྒྱས་བཏང་ནས་རྒྱུན་འཁྱོངས་བྱ་རྒྱུ་གནད་འགག་ཆེན་པོ་ཡིན། ཅིའི་ཕྱིར་ཞེ་ན་ཐེ་ཝན་དང་ཉི་ཧོང་། ཨ་མི་རི་ཀ་ནི་རང་དབང་དང་དམངས་གཙོའི་ལྟ་གྲུབ་རྩ་འཛིན་བྱེད་མཁན་ཡིན། རྒྱ་ནག་གི་གློག་འདྲེན་ཕྱེད་གཟུགས་བཟོ་ལས་ལ་ཐེ་ཝན་གྱིས་དོགས་ཟོན་དང་རང་གི་འཕྲུལ་རིག་ལག་རྩལ་ལ་སྲུང་སྐྱོབ་བྱ་དགོས། ཐེ་ཝན་གྱི་ཚན་རིག་དང་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་ལ་མཁོ་སྤྲོད་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བཤད། གསར་འགོད་པས་སྲིད་འཛིན་ཟུར་པ་ལི་ཏིང་ཧུར་ཕྱི་ཟླ་༡༡་ཚེས་༢༤་ཉིན་ཐེ་ཝན་ལ་ས་གནས་འགོ་ཁྲིད་ཀྱི་འོས་འདེམས་བྱས་པའི་གྲུབ་འབྲས་ལ་ལྟ་ཚུལ་ཅི་ཡོད་དྲིས་པའི་སྐབས་སུ་ཚོར་བ་འདྲེས་མ་ཞིག་བྱུང་ཞེས་ལན་བཏབ། ཁོང་གིས་གོ་མིན་ཏང་ལ་ས་གནས་འོས་འདེམས་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་པར་བློ་འཚབ་སྐྱེ་དགོས་པ་ཞིག་ཡིན་རུང་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་མདུན་སྐྱོད་ཆེན་པོ་ཞིག་བྱས་པར་དགའ་འོས་པ་ཞིག་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག

XS
SM
MD
LG