ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་གཞུང་སྒོ་འབྱེད་རྒྱུའི་རྟགས་མཚན་མེད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་དང་པོའི་ཚེས་༨་དེ་གཟའ་མིག་དམར་གྱི་དགོང་མོར་ཨ་རིའི་སྲིད་འཛིན་ཌོལ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀའི་ལྷོ་ཕྱོགས་ས་མཚམས་ལ་སྲུང་སྐྱོབ་བྱ་དགོས་པ་གནད་འགག་ཆེན་པོ་ཡིན། ཨ་རི་དང་མེཀ་སི་ཀོའི་ས་མཚམས་ནས་ཨ་མི་རི་ཀར་ཉལ་ཐ་སྐྱེལ་འདྲེན་དང་དུག་རྫས་ནང་འདྲེན། ཉེས་ཅན་པ་དང་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་ཨ་མི་རི་ཀའི་ས་ཐོག་ཏུ་སིམ་འཛུལ་བྱེད་ཀྱི་ཡོད་པ་འགོག་དགོས་པར་བློ་ཁ་གཅིག་མཐུན་ཡིན་རུང་སྲིད་འཛིན་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོ་ཨ་མི་རི་ཀའི་ལྷོ་ཕྱོགས་ས་མཚམས་ཁག་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་པ་དང་། ས་མཚམས་སྲུང་སྐྱོབ་ཀྱི་འགྲོ་གྲོན་གཏོང་ཕྱོགས་ལ་ལྟ་ཚུལ་མི་མཐུན་པའི་འགལ་ཟླ་ཡོད་པ་སེལ་ཐུབ་མེད་པས་ཁ་སྔོན་ཕྱི་ཟླ་༡༢་ཚེས་༢༢་ནས་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབ་སྟེ། ཨ་མི་རི་ཀའི་དབུས་གཞུང་གི་ལས་བྱེད་པ་འབུམ་༨་ལྷག་ལ་ལས་ཀ་མེད་པར་རང་ཁྱིམ་དུ་འདུག་དགོས་པའམ། ཡང་ན་དགོས་ངེས་ཀྱི་ལས་བྱེད་པ་ཚོས་གླ་ཕོགས་མེད་པར་སྲི་ཞུ་སྒྲུབ་དགོས་ཐུག་གི་ཡོད་ཅིང་། མདང་དགོང་གི་གཏམ་བཤད་ལ་མཉན་ན་སྲིད་འཛིན་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོས་གུ་བཤངས་བྱ་རྒྱུའི་རྟགས་མཚན་གང་ཡང་བསྟན་མེད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོས་ཨ་སྒོར་དུང་ཕྱུར་༦༠་མ་ཟིན་ཙམ་ཞིག་ས་མཚམས་སྲུང་སྐྱོབ་ཀྱི་རྩིག་གྱང་ཞིག་བསླང་བར་འགྲོ་གྲོན་སྤྲོད་དགོས། ས་མཚམས་ལ་རྩིག་གྱང་བསླང་རྒྱུའི་འགྲོ་གྲོན་ལ་ཆོག་མཆན་བཀོད་ན་སྲིད་གཞུང་འཕྲལ་དུ་སྒོ་འབྱེད་ཆོག ཨ་མི་རི་ཀའི་ལྷོ་ཕྱོགས་ས་མཚམས་སུ་རྩིག་གྱང་མེད་པའི་རྐྱེན་གྱིས་ཨ་མི་རི་ཀར་ཆག་སྒོ་ཆེན་པོ་ཞིག་འབྱུང་བཞིན་ཡོད་ཅེས་སྒྲུབ་བྱེད་བཀོད། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལི་སི་དང་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་ཆཀ་ཤུ་མར་གཉིས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་ལ་ལན་བཏབ། ཁོ་ཚོས་ཨ་རིའི་གྲོས་ཚོགས་ཀྱིས་སྲིད་གཞུང་གི་འགྲོ་གྲོན་རྣམས་ཆོག་མཆན་ཐེངས་འགའ་ཞིག་བཀོད་པ་ཡིན། སྲིད་གཞུང་གི་འགྲོ་གྲོན་མང་པོ་ཞིག་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཐུན་མོང་གིས་ཆོག་མཆན་བཀོད་ཡོད། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་ལས་འགུལ་སྐབས་སུ་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་རྒྱུ་ཡིན་ཞེས་ཁས་ལེན་བྱས་པར་ཨུ་ཚུགས་བརྒྱབ་ནས་སྲིད་གཞུང་སྒོ་བརྒྱབ་པ་རེད། ཨ་སྒོར་དུང་ཕྱུར་༦༠་མ་ཟིན་ཞིག་འགྲོ་གྲོན་བཏང་ནས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་ཞིག་བསླང་འཆར་ཡོད་པ་ནི་འགྲོ་གྲོན་ཆེ་བ་དང་དགེ་མཚན་མེད་པ། མེཀ་སི་ཀོ་ནས་ཨ་མི་རི་ཀར་ཉལ་ཐ་སྐྱེལ་འདྲེན་དང་ཉེས་ཅན་པ་འཛུལ་ཞུགས། ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་སིམ་འཛུལ་བྱེད་ཀྱི་ཡོད་པ་འགོག་ཐུབ་པ་ཞིག་མིན། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྩིག་གྱང་གི་འགྲོ་གྲོན་དགོས་ཟེར་པའི་ཨ་སྒོར་དུང་ཕྱུར་༦༠་མ་ཟིན་དེར་ཨ་རིའི་གྲོས་ཚོགས་ཀྱིས་ཆོག་མཆན་འགོད་རྒྱུ་མིན་ཞེས་དགག་པ་བརྒྱབ་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་མ་བསླངས་ན་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཀ་ཆེན་པོ་འཕྲད་ཀྱི་འདུག ཨ་རིའི་རྒྱལ་ཡོངས་སུ་ཚོང་འགྲེམ་བྱེད་བཞིན་པའི་ཉལ་ཐ་བརྒྱ་ཆ་༩༠་ལྷག་མེཀ་སི་ཀོ་ནས་ཡོང་གི་ཡོད་པ་དང་ཨ་མི་རི་ཀའི་སྤྱི་ཚོགས་སུ་འཇིགས་སྐུལ་རིང་ལུགས་པ་དང་མི་གསོད་འཕྲོག་བཅོམ་པ། བུད་མེད་ལ་བཙན་གཡེམ་བྱེད་མཁན་གྱི་ཉེས་ཅན་པ་སོགས་ཨ་རིའི་ལྷོ་ཕྱོགས་ཀྱི་མེཀ་སི་ཀོའི་ས་མཚམས་ནས་ཡོང་གི་འདུག ཨ་མི་རི་ཀའི་སྤྱི་དམངས་མི་རིགས་ནག་པོ་དང་ལཱ་ཊི་བ་རྣམས་ཀྱི་ལས་ཀའི་གོ་སྐབས་ཕལ་ཆེ་བ་མེཀ་སི་ཀོའི་ས་མཚམས་ནས་ཡོང་བའི་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཚོས་འཕྲོག་གི་འདུག གལ་སྲིད་ཨ་མི་རི་ཀས་རང་གི་ལྷོ་ཕྱོགས་ས་མཚམས་སུ་རྩིག་གྱང་ཞིག་བསླངས་མ་ཐུབ་ན་ཨ་རིའི་སྤྱི་ཚོགས་སུ་མི་གསོད་ཁྲག་སྦྱོར་དང་འཕྲོག་བཅོམ། བཙན་གཡེམ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་འགོག་ཐབས་མེད་པར་འགྱུར་རྒྱུ་རེད་ཅེས་རྒྱུ་མཚན་བགྲངས།།

༢༠༡༨་ལོའི་ཕྱི་ཟླ་༡༠་ནང་དུ་ཨ་མི་རི་ཀའི་ཉལ་ཐ་བཀག སྡོམ་ལྷན་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་པར་གཞིགས་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་མདང་དགོང་གི་གཏམ་བཤད་ནང་དུ་བགྲངས་པའི་ཉལ་ཐ་རྣམས་ཨ་མི་རི་ཀར་གནམ་གྲུ་དང་གྲུ་གཟིངས། ད་ལྟ་ཡོད་བཞིན་པའི་ས་མཚམས་ཀྱི་འགག་སྒོ་ཁག་ནས་སྒེར་འཁོར་དང་སྤྱི་སྤྱོད་རླངས་འཁོར། དོ་སྐྱེལ་རླངས་འཁོར་སོགས་ཀྱི་ནང་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྩིག་གྱང་བསླང་དགོས་ཟེར་སའི་ས་མཚམས་ཁག་ནས་ཡོང་གི་མེད་པ་རྩད་གཅོད་ཐུབ་འདུག

ད་དུང་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཇིགས་སྐུལ་རིང་ལུགས་པ་དང་མི་གསོད་ཁྲག་སྦྱོར་བ། འཕྲོག་བཅོམ་པ་དང་བཙན་གཡེམ་པ་ཞེས་སྐྱོན་འཛུགས་བྱས་པ་རྣམས་ཀྱང་ཁུངས་ལུང་ཡོད་པ་ཞིག་མིན་པ་སྟེ། ཨ་རིའི་སྤྱི་ཚོགས་སུ་འཇིགས་སྐུལ་རིང་ལུགས་དང་མི་གསོད་འཕྲོག་སྦྱོར། འཕྲོག་བཅོམ་དང་བཙན་གཡེམ་བྱེད་མཁན་མང་པོ་ཞིག་ཨ་མི་རི་ཀ་རང་གི་སྤྱི་དམངས་སམ། ཡང་ན་ཨ་མི་རི་ཀར་ཁྲིམས་མཐུན་གྱི་སྒོ་ནས་གཏན་སྡོད་གཞིས་ཆགས་སུ་ཡོང་མཁན་ཚོ་ཡིན་ཞིང་། དེང་སྐབས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ལས་མི་མ་རེག་པའི་དཀའ་ངལ་ཡོད་པ་ལས། ཨ་མི་རི་ཀའི་མི་རིགས་ནག་པོ་དང་ལཱ་ཊིན་བ་ཚོར་ལས་ཀ་མེད་པའི་དཀའ་ངལ་མེད་པ་དང་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཚོས་སྒྲུབ་ཀྱི་ཡོད་པའི་ལས་རིགས་མང་པོ་ཞིག་ཨ་རིའི་སྤྱི་དམངས་མི་རིགས་ནག་པོ་དང་ལཱ་ཊིན་པ་ཚོས་སྒྲུབ་ཀྱི་མེད་པ་རེད།།

ཨ་རིའི་གསར་འགྱུར་ལས་ཁང་ཁག་དང་སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་ཞིག་བསླངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་ཟེར་གྱི་ཡོད་པ་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོས་རྩིག་གྱང་གི་འགྲོ་གྲོན་ལ་ཆོག་མཆན་འགོད་ཀྱི་མེད་པ་ནི་ཨ་མི་རི་ཀའི་ས་མཚམས་སྲུང་སྐྱོབ་ལ་འབྲེལ་བ་དེ་ཙམ་མེད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་༢༠༡༦་གི་སྲིད་འཛིན་འོས་འདེམས་སྐབས་ནས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་ཞིག་བསླང་རྒྱུ་ཡིན། རྩིག་གྱང་དེའི་འགྲོ་གྲོན་མེཀ་སི་ཀོས་སྤྲོད་ཀྱི་རེད་ཅེས་ཁས་བླངས། ད་ལྟ་ཁོ་པས་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་དམིགས་ནས་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་རྒྱུའི་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་ཀྱང་ཉེ་ཆར་ཕྱི་ཟླ་༡༡་པའི་ཨ་མི་རི་ཀའི་བར་དུས་ཀྱི་འོས་འདེམས་སྐབས་སུ་དམངས་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་ཡོད་པར་མ་ཟད། དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་མང་ཆེ་བས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་རྒྱུ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱུ་མཚན་དེའི་སྟབས་ཀྱིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་ས་མཚམས་སུ་རྩིག་གྱང་བསླང་རྒྱུའི་འགྲོ་གྲོན་དེར་ཆོག་མཆན་འགོད་དཀའ། ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་ཉལ་ཐ་འཚོལ་ཞིབ་ཀྱི་འཕྲུལ་ཆས་ཡར་རྒྱས་དང་ས་མཚམས་སྲུང་སྐྱོབ་པ་ཇེ་མང་། ཨ་རི་དང་མེཀ་ས་ཀོའི་ས་མཚམས་ཁག་ཏུ་པར་ཆས་འཛུགས་རྒྱུ་དང་ཨ་མི་རི་ཀའི་ཕྱི་མི་གཞིས་ཆགས་པའི་ཁྲིམས་ལ་ལེགས་བཅོས་གཏོང་དགོས་པ་བཅས་ལ་གྲོས་བསྡུར་བྱ་དགོས་ཞེས་ལན་བཏབ་བོ།།

XS
SM
MD
LG