ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཐེ་ཝན་གྱི་ཆེད་དུ་ཨ་རིས་རྒྱ་ནག་ལ་ཡ་ལན་སློག་པ།


ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་ཚོགས་པའི་མགྲིན་ཚབ་པ་གྷད་རོད་མར་ཀོས་ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་༥་ཉིན་ཊོས་ཊར་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གཞུང་གིས་ཐེ་ཝན་ལ་དྲག་གནོན་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པ་དང་། ཐེ་ཝན་ལ་དྲག་པོའི་ལམ་ནས་བཙན་གནོན་བྱ་རྒྱུ་ཡིན་ཟེར་པ་སོགས་ལ་ཨ་རིས་གཏན་ནས་ངོས་ལེན་བྱ་ཐབས་བྲལ། མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླའམ། ཡང་ན་གནད་དོན་ཅི་ཞིག་ཡིན་རུང་ངེས་པར་དུ་ཞི་བའི་ལམ་ནས་ཐག་གཅོད་བྱ་དགོས། གནད་དོན་ཅི་ཞིག་ཡིན་རུང་མཚོ་འགག་ཟུང་གི་མི་དམངས་ཀྱི་མངོན་འདོད་ལ་གཞི་བཅོལ་ནས་ཐག་གཅོད་བྱ་དགོས། རྒྱ་ནག་གཞུང་གིས་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་མཚམས་བཞག་ནས་ཐེ་ཝན་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་གཞུང་ལ་གྲོས་མོལ་བྱ་དགོས་ཞེས་ནན་བརྗོད་བྱས་པར་ཐེ་ཝན་གྱི་སྲིད་འཛིན་ལྷན་ཁང་དང་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་སྤྱི་ཟླ་དང་པོའི་ཚེས་༨་ཉིན་ཨ་རིའི་གཞུང་ལ་བཀའ་དྲིན་ཆེ་ཞུས་ཡོད་པ་རེད།།

ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་༢་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་རང་བཙན་གྱི་ལས་འགུལ་ཁག་དང་ཕྱིའི་རྒྱལ་ཁབ་ཁག་གི་ཐེ་ཝན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་བཅས་ལ་དམིགས་ནས་རྒྱ་ནག་གིས་ཐེ་ཝན་གྱི་གནད་དོན་དྲག་པོའི་ལམ་ནས་ཐག་གཅོད་བྱ་རྒྱུ་མིན་པའི་ཁས་ལེན་གཏན་ནས་བྱ་མི་ཐུབ། རྒྱ་ནག་གཅིག་གི་རྩ་དོན་ཐོག་ཏུ་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་དང་ཚོགས་སྡེ་གཞན་པ་གང་རུང་ལ་རྒྱ་ནག་གཞུང་གིས་གྲོས་མོལ་བྱ་འདོད་ཡོད་ཅེས་འཁོད། ཞི་ཅིན་ཕིང་གི་གཏམ་བཤད་དེར་སྲིད་དོན་ཚོགས་པ་ཁག་དམིགས་སུ་བཀར་ནས་བཀོད་ཡོད་པ་འདིས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་གཞུང་དང་སྲིད་འཛིན་ཚེ་དབྱིན་ཝེན་གྱི་དབུས་སྲིད་གཞུང་ཟུར་དུ་ཕུད་ཐབས་དང་ཐེ་ཝན་གྱི་སྲིད་དོན་ཚོགས་པ་གཞན་ཁག་ལ་གྲོང་ཁྱེར་རིམ་པ་དང་རྫོང་སྡེ་ཁག ཐེ་ཝན་གྱི་ས་གནས་རིམ་པའི་འོས་འདེམས་སྐབས་སུ་རྒྱལ་ཁ་ཐོབ་པ་ཡོད་དེ་དག་ལ་ཐད་ཀར་འབྲེལ་བ་བྱས་ནས་ཐེ་ཝན་རྒྱ་ནག་གི་མངའ་འོག་ཏུ་བསྡུ་ཐབས་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཡོད་པ་རེད།།

ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་ཡོད་པའི་གནས་ཚུལ་སྤེལ་བར་ཐེ་ཝན་སྲིད་འཛིན་གྱི་མགྲིན་ཚབ་པས་ཨ་རི་ནི་རྒྱལ་སྤྱིའི་སྟེང་གི་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཡག་ཤོས་དེ་ཡིན། མ་འོངས་པར་ཡང་མུ་མཐུད་དུ་འབྲེལ་ལམ་རྒྱུན་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད། འབྲེལ་བ་འདི་མུ་མཐུད་དུ་རྒྱུན་འཁྱོངས་བྱ་ཐུབ་ན་ཤར་ཨེ་ཤེ་ཡའི་ས་ཁུལ་གྱི་གནས་སྟངས་བརྟན་ལྷིང་ཡོང་ཐུབ་པར་མ་ཟད། ཨ་རི་དང་ཐེ་ཝན་འདུས་པའི་ས་ཁོངས་ཀྱི་གནས་སྟངས་མང་པོ་ཞིག་ལ་གནད་འགག་ཆེ་བའི་འབྲེལ་བ་ཆགས་ཡོད། ཐེ་ཝན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་འཐོབ་ཐབས་སུ་ཐེ་ཝན་གྱིས་ཨ་རིའི་གཞུང་ལ་སྔར་ལས་ལྷག་པའི་མཉམ་འབྲེལ་དམ་ཟབ་བྱས་ནས་འབྲེལ་བ་ཡར་རྒྱས་གཏོང་དགོས། ང་ཚོས་ཐུན་མོང་གི་མངའ་ཁོངས་འདིར་ཞི་བདེ་བརྟན་ལྷིང་བསྐྲུན་པར་ནུས་ཤུགས་མཉམ་འདོན་བྱ་དགོས་ཞེས་བཤད་འདུག

ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨིག་ཅང་ཨན་གྱིས་ཨ་རིའི་ཕོ་བྲང་དཀར་བོའི་མགྲིན་ཚབ་པས་ཊོས་ཊར་དྲྭ་ལམ་དུ་ཐེ་ཝན་གྱི་དམངས་གཙོར་རྒྱབ་སྐྱོར་ཡོད། རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱེད་བཞིན་པར་སྐྱོན་བརྗོད་བྱས་པར་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་དགའ་བསུ་ཞུས་ཏེ་བཀའ་དྲིན་ཆེ། ཉེ་དུས་ཤིག་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཊོས་ཊར་དྲྭ་ལམ་དུ་ཐེ་ཝན་གྱི་དམངས་གཙོ་དང་རང་དབང་གི་སྒྲིག་སྲོལ་ཁག་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་ཞེས་བཀོད་འདུག

བདུན་ཕྲག་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་ཆོག ཐེ་ཝན་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་དགོས། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས། གལ་སྲིད་ཐེ་ཝན་རང་བཙན་གསལ་བསྒྲགས་བྱས་ན་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་དྲག་གནོན་བྱ་རྒྱུ་མིན་ཞེས་ཁས་ལེན་བྱ་ཐབས་མེད་ཅེས་ནན་བརྗོད་བྱས་ཡོད་ཅིང་། དེར་བརྟེན་བདུན་ཕྲག་འདི་དག་གི་ནང་དུ་ཐེ་ཝན་གྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་གི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG