ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་རྒྱ་ནག་གི་ཚོང་དོན་འགལ་རྐྱེན།


༄༅།། བདུན་ཕྲག་འདིའི་གཟའ་ཟླ་བ་དང་མིག་དམར་གཉིས་ལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོས་གྲོས་མོལ་བྱས་ཡོད། ཨ་རི་དང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཕྱོགས་གཉིས་ཀ་ཚོང་དོན་གྲོས་མོལ་འདིར་ལྷག་བསམ་རྣམ་དག་ཡིན། རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་འདི་མཇུག་བསྒྲིལ་འདོད་ཡོད་ཅེས་བཤད་ཀྱང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགོ་བ་ལིའུ་ཧེ་དང་ཨ་རིའི་ཚོང་དོན་གྲོས་མོལ་འགོ་བ་ལཱ་ཡེ་ཊི་ཧར་ཛི་གཉིས་གྲོས་མོལ་འདིར་མཉམ་ཞུགས་བྱས་མེད་ཅིང་། ཨ་རིའི་ཚོང་དོན་དྲུང་ཆེ་ཝིལ་བྷར་རོ་སི་ཡིས་ང་ཚོས་ཚོང་ལས་ཀྱི་འགལ་རྐྱེན་རྣམས་སེལ་དགོས་ཞེས་གྲོས་མཐུན་ཞིག་འཇོག་རྒྱུ་སྟབས་བདེ་བོ་ཡིན། གྲོས་མཐུན་གྱི་འབྲུ་དོན་ཁག་ལག་ལེན་ཚུལ་བཞིན་བསྟར་ཐུབ་རྒྱུ་ནི་ཁག་པོ་ཡིན། དཔེར་ན་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་རྒྱ་ནག་གིས་སྲུང་སྐྱོབ་བྱ་དགོས་པ་དང་རྒྱ་ནག་གི་ཁྲོམ་ར་སྒོ་འབྱེད་བྱ་དགོས་པ། ཨ་རིའི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་མི་ཆོག་པ་སོགས་ལག་ལེན་བསྟར་དགོས་པ་ཁག་པོ་ཡིན། ངས་བལྟས་ན་ང་ཚོར་རྒྱ་ནག་གིས་མོས་མཐུན་བྱེད་ཐུབ་པའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་གོ་སྐབས་ཤིག་འདུག་ཅེས་བཤད།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས་ང་ཚོས་ལྷག་བསམ་རྣམ་དག་གིས་ཨ་མི་རི་ཀར་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་རེ་བ་འཆང་ཡོད། ང་ཚོས་ཐོག་མ་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ལ་འགལ་རྐྱེན་བྱུང་ན་སུ་གཅིག་ལའང་ཁེ་ཕན་མེད་པ་ངོས་ཟིན་ཡོད། རྒྱ་ནག་གིས་འདྲ་མཉམ་དང་གཉིས་ཕན་གྱི་གཞི་རྩའི་ཐོག་ཏུ་ཚོང་ལས་ཀྱི་འགལ་རྐྱེན་རྣམས་སེལ་དགོས་པའི་ལྷག་བསམ་འཆང་ཡོད། ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་གྲོས་མཐུན་བྱུང་བ་ལྟར་ཕྱོགས་གཉིས་ཀྱི་ཚོང་དོན་སྐུ་ཚབ་ཚོས་གྲོས་མོལ་དགེ་མཚན་ལྡན་པ་དང་དོན་འབྲས་སོན་རྒྱུ་ཡོད་པ་ཞིག་བྱེད་བཞིན་ཡོད་ཅེས་བཤད།།

ཉེ་ཆར་ཕྱི་ཟླ་༡༡་པའི་ཟླ་མཇུག་དེར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནར་འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་ཞོར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་བྱུང་ཞིང་། སྐབས་དེར་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་རྒྱ་ནག་དང་ཨ་མི་རི་ཀས་དུས་ཡུན་ཟླ་བ་༣་ལ་ཕྱོགས་གཉིས་ཀྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་མིན་པ་དང་དུས་ཡུན་ཟླ་བ་གསུམ་གྱི་ནང་ཚུད་དུ་རྒྱ་ནག་དང་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་དོན་འགལ་རྐྱེན་རྣམས་སེལ་ཐུབ་པའི་གྲོས་མོལ་བྱ་དགོས་ཞེས་གྲོས་མཐུན་བྱུང་། གཟའ་འཁོར་འདིར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོ་པེ་ཅིང་ལ་དངོས་སུ་མཉམ་འཛོམས་བྱས་ནས་གྲོས་མོལ་འགོ་ཚུགས།།

སྔ་ལོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་མང་པོའི་སྒོ་ཁྲལ་སྤར་པ་མ་ཟད། རྒྱ་ནག་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་མི་བྱེད་པ་དང་རྒྱ་ནག་གཞུང་གིས་སྒེར་གཉེར་བཟོ་ལས་ཁག་ལ་རོགས་དངུལ་སྤྲོད་པ། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་ཚེ། ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཚང་མར་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་དང་ཨ་རི་ནས་འབྲུ་རིགས་དང་འབྲོག་ལས་ཐོན་སྐྱེད་རྣམས་ནང་འདྲེན་བྱ་རྒྱུ་མཚམས་བཞག་པས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་མཇུག་བསྒྲིལ་མ་ཐུབ་པར་ཡུན་རིང་འགོར་ན་ཨ་རི་དང་རྒྱ་ནག་གཉིས་ཁོ་ན་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་འཕོག་སྲིད་པའི་ཉེན་ཀ་ཡོད།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས་རྒྱ་ནག་གི་དཔལ་འབྱོར་བཟང་ངན་ཅི་ཡིན་ལ་ངས་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་ཟིན། ང་ཚོར་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད། ང་ཚོ་རྒྱ་ནག་གི་དཔལ་འབྱོར་གཞི་རྩ་བརྟན་པོ་ཡིན་པར་ཡིད་ཆེས་གཙང་མ་ཡོད། ཟླ་བ་འདིའི་ཟླ་མཇུག་ལ་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་འཚོགས་ཀྱི་ཡོད་པའི་འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཚོགས་ཆེན་ལ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་ཕེབས་ཀྱི་ཡོད་ཅེས་ངེས་གཏན་བྱས། འོན་ཀྱང་ལུ་ཀང་གིས་སྐབས་དེར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་མེད་གསལ་བོ་བཤད་མེད་ཅིང་། ཐོག་མའི་འཆར་གཞི་ལྟར་ན་ཐེངས་འདིའི་གྲོས་མོལ་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དཔལ་འབྱོར་སློབ་སྟོན་པ་སྟེ། རྒྱ་ནག་གི་ཚོང་དོན་གྲོས་མོལ་འགོ་བ་ལིའུ་ཧེ་མཉམ་ཞུགས་བྱ་འཆར་མེད་ཀྱང་ཁ་སང་གཟའ་ཟླ་བའི་ཕྱི་དྲོར་ལིའུ་ཧེ་གློ་བུར་དུ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་མཉམ་ཞུགས་བྱས་པ་བཟང་རྟགས་ཤིག་ཡིན་སྲིད། གཅིག་བྱས་ན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་མཇུག་བསྒྲིལ་ཐུབ་པའི་རྟགས་མཚན་ཞིག་ཡིན་པའི་རེ་བ་ཡོད་སྲིད་ཀྱང་ད་སྔ་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་གཟའ་འཁོར་འདིའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ཅི་བྱུང་ཕྱི་ལ་མ་བསྒྲགས།།

ཉམས་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་འགྲོ་བཞིན་ཡོད་པ་ལྟར་ཨ་རིའི་མ་རྐང་ཁྲོམ་ར་ལའང་འཕར་ཆག་མང་པོ་ཞིག་ཐེབས་ཀྱིན་འདུག དེས་ན་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀར་འཕྲལ་དུ་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་འདུན་པ་ཡོད་པ་གཅིག་མཚུངས་ཡིན། ཉེ་བའི་ཟླ་ཤས་ཤིག་ནས་རྒྱ་ནག་གི་བཟོ་ལས་དང་ཕྱིར་ཚོང་བཅས་ལ་གྱོང་གུད་ཆེན་པོ་ཐེབས་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ང་ཚོར་ཚོང་ལས་ཀྱི་འགལ་རྐྱེན་རྣམས་སེལ་ཐབས་སུ་གྲོས་མོལ་བྱ་འདོད་ཡོད། ཡིན་ནའང་རྒྱ་ནག་གིས་རང་གི་ཁེ་ཕན་རྣམས་བློས་བཏང་ནས་ཨ་མི་རི་ཀར་ཚོང་ལས་ཀྱི་གྲོས་མཐུན་ཞིག་ནམ་ཡང་འཇོག་མི་སྲིད་ཅེས་རྩོམ་ཡིག་སྤེལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དཔལ་འབྱོར་ལ་གནོན་ཤུགས་མང་པོ་ཞིག་ཐེབས་ཀྱི་ཡོད་པས་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་དགོས་ཐུག་ངེས་རེད་ཅེས་སླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG