ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་འཇོག་ས་འཛུགས་སྐྲུན།


༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་དབུས་གཞུང་གིས་རྒྱ་གར་གྱི་གནམ་དམག་ལ་ཨ་སྒོར་དུང་ཕྱུར་༧་དང་བྱེ་བ་༩་མ་ཟིན་ཙམ་ཞིག་འགྲོ་གྲོན་ཆོག་མཆན་བཀོད་དེ་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་ཁག་ཏུ་ཐོན་རིམ་རྗེས་མའི་འཐབ་འཛིང་གནམ་གྲུ་༡༠༨་འགྲེམ་འཇོག་བྱ་ཡུལ་སྦུག་ཁང་འཛུགས་སྐྲུན་བྱ་དགོས་པའི་ཐག་གཅོད་བྱས་འདུག རྒྱ་གར་གྱི་གནམ་དམག་ལ་ཆོག་མཆན་ཐོབ་པའི་འཐབ་འཛིང་གནམ་གྲུ་འཇོག་ཡུལ་དེ་རྣམས་དེང་རབས་ཀྱི་གནམ་གྲུ་འཇོག་ཡུལ་བཙན་རྫོང་ལྟ་བུ་ཞིག་ཡིན་པས་ལས་སླ་བོར་གཏོར་རྒོལ་བྱེད་ཀྱི་མེད་ཅིང་། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཐོག་ཏུ་དམག་གི་རྟེན་གཞི་གསར་པ་དང་གནམ་དམག་གི་སྟོབས་ཤུགས་རྒྱ་སྐྱེད་བཏང་སྟེ། རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་ཁག་ཏུ་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་འགྲེམ་འཇོག་བྱ་དགོས་སུ་གྱུར་ཡོད་པ་དང་རྒྱ་གར་གྱི་བྱང་ཕྱོགས་མཐའ་མཚམས་ཁག་ཏུ་ཆགས་པའི་ཨ་རུ་ན་ཅལ་མངའ་སྡེ་དང་ཧི་མ་ཅལ་མངའ་སྡེ། ཨུ་དྷར་ཁན་མངའ་སྡེ་དང་འབྲས་ལྗོངས། ལ་དྭགས་རྣམས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་བོད་རང་སྐྱོང་ལྗོངས་ལ་ས་མཚམས་འདྲེས་ཡོད་པ་རེད།།

རྒྱ་གར་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་གསུམ་གྱིས་བྱང་ཕྱོགས་མཐའ་མཚམས་ཁག་ལ་འཐབ་འཛིང་གནམ་གྲུ་འཇོག་ས་འཛུགས་སྐྲུན་བྱ་དགོས་པའི་ཐག་གཅོད་བྱས་ཟིན། ང་ཚོར་ཐག་གཅོད་དེའི་ཞིབ་ཕྲ་ཁག་གསར་འགོད་པ་ཚོར་འགྲེལ་བཤད་རྒྱག་མི་ཆོག་ཅེས་བཀོད་འདོམས་བྱས་སོང་། འདས་པའི་ཟླ་ཤས་རིང་ལ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་གནམ་དམག་གིས་བོད་ཀྱི་མཐོ་སྒང་ས་ཁུལ་དུ་དམག་སྦྱོང་ཐེངས་འགའ་ཞིག་བྱས་སོང་། དམག་སྦྱོང་དེའི་ཁོངས་སུ་བོད་རང་སྐྱོང་ལྗོངས་སུ་དམག་དཔུང་མགྱོགས་མྱུར་འདྲེན་གཏོང་བྱེད་ཐུབ་པའི་སྦྱོང་བརྡར་ཡང་ཚུད་འདུག རྒྱ་གར་ཤར་ཕྱོགས་ཀྱི་མཐའ་མཚམས་ཁག་ཏུ་འཐབ་འཛིང་གནམ་གྲུ་འགྲེམ་འཇོག་བྱས་ཟིན་ཡོད། ད་ལྟ་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་ཁག་ཏུའང་འཐབ་འཛིང་གནམ་གྲུ་འགྲེམ་འཇོག་བྱ་དགོས། རྒྱ་གར་གྱི་གནམ་དམག་གི་དམག་སྒར་ཁག་གང་ས་གང་དུ་ཆགས་ན་དགྲ་ཕྱོགས་ཀྱིས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་ཡོད་དོ་ཅོག་དང་དམག་སྒར་ཡོད་ཚད་ལ་འཐབ་རྒོལ་བྱ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀྲལ།།

རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་མང་ཆེ་བ་ཨུ་རུ་སུ་དང་ཧྥ་རན་སི་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་། ད་ལྟ་རྒྱ་གར་གྱི་བྱང་ཕྱོགས་མཐའ་མཚམས་ཁག་ཏུ་འགྲེམ་འཇོག་བྱ་འཆར་ཡོད་པའི་འཐབ་འཛིང་གནམ་གྲུ་རྣམས་ཨུ་རུ་སུ་ནས་ཐོན་པའི་སཱུ་༣༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཡིན་ཞིང་། ༢༠༡༦་ལོར་རྒྱ་གར་གྲོས་ཚོགས་ཀྱི་རྒྱལ་སྲུང་ཚོགས་ཆུང་གིས་རྒྱ་གར་གྱི་གནམ་དམག་ལ་འཐབ་འཛིང་གནམ་གྲུ་ཡོད་ཀྱང་སཱུ་༣༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་ཚོར་སྲུང་སྐྱོབ་ཐུབ་པའི་འཇོག་ས་སྦུག་ཁང་མི་འདུག རྒྱ་གར་གྱི་གནམ་དམག་ལ་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་དགོས་པར་མ་ཟད། འཐབ་འཇིང་གནམ་གྲུ་དེ་ཚོ་སྲུང་སྐྱོབ་ཐུབ་པའི་འཇོག་ས་སྦུག་ཁང་དགོས་པ་དང་། རྒྱ་གར་གྱི་གནམ་དམག་གི་ལག་རྩལ་པ་ཚོར་དུས་ཡུན་ཐུང་ངུའི་ནང་དུ་གཏོར་སྐྱོན་ཕོག་པའི་གནམ་གྲུའི་འཕུར་ལམ་རྣམས་ཞིག་གསོ་བྱེད་ཐུབ་པའི་ལག་རྩལ་སློབ་སྦྱོར་སྤྲོད་དགོས། འཐབ་འཛིང་གནམ་གྲུ་འཇོག་སའི་སྦུག་ཁང་འཛུགས་སྐྲུན་དང་འཕུར་ལམ་མྱུར་དུ་ཞིག་གསོ་ཐུབ་པའི་ཆ་རྐྱེན་ལྡན་ན་རྒྱ་གར་གྱི་གནམ་དམག་གི་སྟོབས་ཤུགས་རྒྱས་ཐུབ་ཅེས་སྙན་ཐོ་བཏོན།།

རྒྱ་གར་གྱི་བཟོ་བཀོད་མཁས་པ་ཚོས་ཨར་འདམ་དང་དྭངས་ལྕགས་འདྲེས་མའི་འཐབ་འཛིང་གནམ་གྲུ་འཇོག་ས་སྦུག་ཁང་འཛུགས་སྐྲུན་བྱ་འཆར་ཡོད་པ་དེའི་ཐོག་ཏུ་ས་བཀབ་སྟེ། འབར་མདེལ་ལྕི་ཚད་སྤྱི་རྒྱ་༢༠༠༠་ཅན་གྱིས་གཏོར་རྒོལ་བྱས་ཀྱང་སྦུག་ཁང་དེ་ཚོར་གཏོར་སྐྱོན་གཏོང་ཐུབ་ཀྱི་མེད་མོད། འོན་ཀྱང་ད་ལྟ་ལོ་རེ་བཞིན་དམག་དོན་འཕྲུལ་རིག་ལག་རྩལ་ཡར་རྒྱས་དང་དམག་དོན་འཐབ་ཇུས་ལ་འགྱུར་བ་ཐེབས་ཀྱི་ཡོད་པར་བརྟེན། རྒྱ་གར་གྱི་གནམ་དམག་ལ་འཐབ་འཛིང་གནམ་གྲུ་འཇོག་ས་སྦུག་ཁང་གསར་པ་འཛུགས་སྐྲུན་བྱ་དགོས་ངེས་སུ་གྱུར་ཡོད། ༡༩༦༥་ལོར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་བརྒྱབ་པའི་སྐབས་སུ་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་བརྒྱ་ཆ་༦༠་ཡས་མས་ཤིག་ལ་སྦུག་ཁང་འཇོག་ས་མེད་པར་གཏོར་སྐྱོན་ཕོག་ཡོད། ༡༩༦༥་ལོའི་དམག་འཁྲུག་རྗེས་སུ་རྒྱ་གར་གཞུང་གིས་འཐབ་འཛིང་གནམ་གྲུ་འཇོག་ཡུལ་སྦུག་ཁང་འཛུགས་སྐྲུན་བྱས་ཡོད་པས་༡༩༧༡་ལོར་བྷང་ག་ལའི་རང་བཙན་དམག་འཁྲུག་སྐབས་སུ་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་ཁག་ལ་སྲུང་སྐྱོབ་ཐུབ་ཡོད། ༡༩༧༡་ལོར་སྦུག་ཁང་དུ་བཅུག་པའི་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་གཅིག་ལའང་གཏོར་སྐྱོན་ཕོག་མེད་ཅེས་རྒྱ་གར་གྱི་གནམ་དམག་གི་ལས་སྣེ་ཚོས་བཤད་འདུག

XS
SM
MD
LG