ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་གི་དྲག་གནོན་ཁྲོད་དུ་རིག་གནས་ཅན་ཚོར་རྒོལ་རྡུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཞིག་ཏུ་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གཏན་སྡོད་པ་པར་པ་སྐད་གྲགས་ཅན་ལུ་ཀཱང་འཛིན་བཟུང་བྱས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ངོ་རྒོལ་གྱི་རྦ་རླབས་ཤིག་འཕྱུར་ཞིང་། ལུ་ཀཱང་ནི་རྒྱ་ནག་གཞུང་གིས་མཐའ་འཁོབ་ཀྱི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་བྱས་ཏེ་རང་བྱུང་ཁོར་ཡུག་དང་མིའི་འཚོ་གནས་ལ་གཏོར་བཤིག་ཐེབས་པའི་དངོས་བྱུང་བརྙན་རིམས་པར་དུ་འདེབས་མཁན་གྱི་རྒྱ་རིགས་ཤིག་ཡིན་རུང་ཞིན་ཅང་གི་ཁ་ཤི་སྒར་ས་གནས་སུ་བཙོན་འཇུག་བྱས་པའི་རྗེས་སུ་གནས་ཚུལ་གོ་ཐོས་མེད་པར་གྱུར་མོད། ཡིན་ནའང་ཞིན་ཅང་གི་ཁ་ཆེ་ཡུ་གུར་བའི་ས་ཁུལ་ཁག་ལ་མཚོན་ན་རྩོམ་པ་པོ་དང་སྒྱུ་རྩལ་བ། རིག་གནས་པ་རྣམས་སྔ་ས་ནས་བཙོན་འཇུག་བྱས་ཟིན་པ་འདུག

ཨ་མི་རི་ཀར་བཙན་བྱོལ་དུ་འབྱོར་ཡོད་པའི་ཡུ་གུར་བའི་སྙན་ངག་པ་དང་གློག་བརྙན་བཟོ་སྐྲུན་པ་ཐཱ་ཧེར་ཧཱ་མུ་ཌིས་མི་མང་པོ་ཞིག་བཙན་ཁྲིད་ཟིན་པ་རེད། སྙན་གྲགས་ལྡན་པའི་རིག་གནས་པ་ཕལ་མོ་ཆེ་བཀག་ཉར་བྱས་ཟིན་པ་རེད། ཡིན་ནའང་དེ་དག་གི་ནང་མི་ཚོས་གནས་ཚུལ་འདི་དག་བདེན་དཔང་བྱ་ཐབས་དཀའ། ཁོ་ཚོ་ཡང་འཇིག་སྐྲག་དང་ཞེད་སྣང་གི་འོག་ཏུ་འཚོ་གནས་བྱ་དགོས་ཞེས་བརྗོད་འདུག གར་སོང་ཆ་མེད་དུ་གྱུར་པའི་ཡུ་གུར་བའི་རིག་གནས་པའི་གྲས་སུ་དེང་རབས་ཀྱི་གཞས་པ་སྐད་གྲགས་ཅན་ཨབ་ལཱ་ཨ་ཝུ་ཌི་ཨ་ཡཱབ་དང་རྩོམ་པ་པོ་དང་སྙན་ངག་པ། འཁྲབ་གཞུང་རྩོམ་པ་པོ་པེར་ཧཱ་ཌི་ཐུར་སན་ཌའུ་ཌར། རོལ་མོ་བ་ཨབ་ཏའུ་རེ་ཧེམ་ཧེ་ཡེ་ཐེ། རྐང་རྩེད་སྤོ་ལོ་རྩེད་མཁན་ཨེར་ཧྥན་ཧེ་ཛེམ། ཡུ་གུར་བའི་དམངས་ཁྲོད་སྒྲུང་པ་སྐད་གྲགས་ཅན་ར་ཧེལ་དྷ་ཝུ་ཌི། ཞིན་ཅང་སློབ་ཆེན་གྱི་སློབ་སྤྱི་ཌ་ཞི་པོ་ལ་ཌི་ཏ་ཡེབ། ཞིན་ཅང་སྨན་རྩིས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཧལ་མུ་རཱ་གྷོ་པཱུར། བཙོན་ཁང་དུ་གྲོངས་ཟིན་པའི་ལོ་ཙཱ་བ་སཱ་ལེ་ཧཱ་ཇེམ་དང་། ཨབ་ཏུ་ཆཱ་ཏེར་ཇཱ་ལཱ་ལེ་ཏེ་ཧུ་བཅས་ཡོངས་གྲགས་ཀྱི་མི་སྣ་དག་ཡིན།།

རྒྱ་ནག་གཞུང་གིས་ཞིན་ཅང་གི་མཐའ་ལྷུང་རིང་ལུགས་པར་དམིགས་ནས་དམ་དྲག་བྱེད་བཞིན་ཡོད་ཅེས་བརྗོད་ཀྱང་དོན་དངོས་སུ་བརྙན་མིག་གྲངས་མེད་བཙུགས་ནས་ཡུ་གུར་བའི་འགྲོ་འདུག་ལ་ལྟ་རྟོགས་བྱས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་ཆོས་ལུགས་ཀྱི་རིག་གནས་སོགས་ལ་འབྲེལ་བ་ཡོད་པ་མཐའ་དག་ལ་ཉེས་འཛུགས་སྣ་ཚོགས་ཤིག་བྱེད་བཞིན་པ་སྟེ། དཔེར་ན་ཁ་ཆེའི་བཀའ་དེབ་ཉར་འཛིན་བྱེད་མཁན་དང་ཡུ་གུར་བའི་སྐད་ཆ་བཤད་མཁན་སོགས་ཀྱང་ཉེས་ཅན་མི་སྣར་རྩི་བཞིན་པར་མ་ཟད། རྒྱ་ནག་གཞུང་གིས་ཁ་ཆེ་ཆོས་ལུགས་ནི་རྩ་མེད་བཟོ་དགོས་པའི་ནད་ཡམས་ཤིག་ཏུ་རྩི་བཞིན་པ་རེད།། ཞིན་ཅང་གི་ཡུ་གུར་བ་ས་ཡ་༡༡་གི་གྲས་ནས་སྤྱི་ལོ་༢༠༡༧་ལོའི་སྤྱི་ཟླ་༤་ནས་ཡུ་གུར་བ་ས་ཡ་༡་ཙམ་རྒྱ་ནག་གཞུང་གིས་སློབ་གསོ་འཕར་མ་སྤེལ་ས་ཟེར་པའི་བཀའ་ཉར་ཁང་དེ་དག་གི་ནང་དུ་བཀག་ཉར་བྱེད་ཡོད་ཅིང་། ད་ལྟ་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་པ་དང་ཉམས་ཞིབ་པ་ཚོས་ཞིན་ཅང་གི་བསམ་བློའི་སྒྱུར་བཀོད་བྱ་ཡུལ་ཁག་ཏུ་ཡུ་གུར་བ་ས་ཡ་༡་ལས་མང་བ་བཀག་ཉག་བྱེད་འདུག ཡུ་གུར་བ་དེ་དག་ལ་རང་གི་མི་རིགས་ངོ་བོ་འདོར་དགོས་པའི་བཙན་དྲག་བཀོལ་བ་དང་ཆོས་ལུགས་དད་མོས་བྱེད་མི་ཆོག་པ། རྒྱ་ནག་དམར་ཚོགས་པའི་ལྟ་བ་དང་རྒྱ་མི་རིགས་ཀྱི་ཁྱིམ་ཚང་གཅིག་ཟེར་པ་སོགས་ལ་བཙན་གྱིས་ངོས་ལེན་བྱེད་དུ་འཇུག་པར་ལུས་སེམས་གཉིས་ལ་བཙན་གནོན་བྱེད་བཞིན་འདུག སྔ་ལོའི་སྤྱི་ཟླ་༧་ནས་ད་ལྟའི་བར་དུ་བཙན་དྲག་གི་རྣོ་ངར་ཇེ་ཆེར་བཏང་འདུག་ཅེས་ཞིབ་འཇུག་བྱས་ནས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

སྔ་ལོའི་སྤྱི་ཟླ་༡༠་ཚེས་༢༣་ཉིན་རྒྱ་རིགས་པར་པ་ལུ་ཀཱང་ཞིན་ཅང་གི་ཨུ་རུ་མུ་ཆི་གྲོང་ཁྱེར་དུ་གཟའ་འཁོར་གཅིག་ལ་པར་རིས་བརྩམས་ཆོས་ཐད་དུ་བགྲོ་གླེང་ཞིག་འཚོགས་ཀྱི་ཡོད་པ་དེར་གྲོགས་པོ་ཚོས་གདན་འདྲེན་ཞུས་ནས་བསྐྱོད་པ་ཞིག་ཡིན་ཞིང་། ཁོ་པ་སྤྱི་ཟླ་༡༡་ཚེས་༣་ཉིན་བཀག་ཉར་བྱས་པའི་རྗེས་སུ་གནས་སྟངས་ཅི་ཡིན་གོ་ཐོས་མེད་པར་གཟའ་འཁོར་དྲུག་འགོར། དེ་ནས་སྤྱི་ཟླ་༡༢་པའི་༡༢་ཉིན་རྒྱ་ནག་གཞུང་གིས་ལུ་ཀཱང་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་ཡོད་ཅེས་གཞུང་འབྲེལ་གྱི་ངོས་ལེན་བྱས་པ་ལུ་ཀཱང་གི་ཆུང་མས་གནས་ཚུལ་དེ་ཕྱི་ལ་བསྒྲགས། ཁོ་ཚོས་ཁྲིམས་རྩོད་པ་བཙལ་ནས་ལུ་ཀཱང་ལ་ཐུག་འཕྲད་བྱ་ཐབས་བྱས་ཀྱང་རྒྱ་གཞུང་གིས་བཀག

སྤྱིར་ཞིན་ཅང་ས་ཁུལ་གྱི་བརྙན་འཕྲིན་དང་པར་རིས་སྒྱུ་རྩལ་གྱི་བརྩམས་ཆོས་རྣམས་ཡུ་གུར་བའི་རིག་གནས་པ་དང་སྒྱུ་རྩལ་བ། སློབ་གསོ་བ་བཅས་ཀྱིས་ཡུ་གུར་བའི་སྐད་ཡིག་ཏུ་དཔྱད་བརྗོད་དང་རིན་ཐང་གླེང་བ། བེད་སྤྱོད་མཚམས་སྦྱོར་གྱི་བརྩམས་ཆོས་ཁག་འགྲེམ་སྤེལ་བྱ་རྒྱུར་གུ་ཡངས་ཅུང་ཟད་ཡོད་པའི་སྣང་ཚུལ་ཞིག་ཡོད་ཀྱང་བསམ་བློའི་སློབ་གསོ་འཕར་མ་སྤེལ་ས་ཞེས་པ་དེར་གཙོ་བོ་ཡུ་གུར་བའི་སྐད་ཡིག་དང་རིག་གནས། ཆོས་ལུགས་ལས་འཕྲོས་པའི་རིན་ཐང་རྣམས་རྨེག་མེད་གཏོང་ཐབས་བྱེད་བཞིན་པ་རེད། ཨ་མི་རི་ཀའི་ཝ་ཤིང་ཊོན་མངའ་སྡེའི་གཙུག་ལག་སློབ་གྲྭའི་ཡུ་གུར་བའི་རིག་གནས་དང་རྩོམ་རིག་ཆེད་མཁས་པ་ཌ་རེན་པཱེ་ལེར་གྱིས་དུས་རབས་སྔོན་མའི་ལོ་རབས་༨༠་དང་ལོ་རབས་༩༠་བའི་ནང་དུ་གནས་སྟངས་ཡག་ཙམ་ཡོད། སྤྱི་ལོ་༢༠༠༠་ལོ་ནས་བཟུང་སྟེ་དམ་དྲག་ཇེ་ཆེར་བཏང་སོང་། སྤྱི་ལོ་༢༠༠༧་ནས་སྤྱི་ལོ་༢༠༠༨་བར་དུ་ཁ་ཆེའི་རིག་གནས་དང་འབྲེལ་བའི་དུས་སྟོན་དང་གློག་བརྙན་ཁ་ཤས་རེ་གོ་སྒྲིག་བྱས་ཐུབ་ཡོད་ཀྱང་སྤྱི་ལོ་༢༠༠༩་ནས་བཟུང་སྟེ་དེང་རབས་ཀྱི་གླུ་གཞས་ལའང་དམ་དྲག་བྱེད་འགོ་བཙུགས་སོང་། སྔོན་ཆད་ཁྲིམས་མཐུན་ཡིན་པ་རྣམས་ཀྱང་གློ་བུར་དུ་ཁྲིམས་འགལ་དུ་གྱུར། རིམ་བཞིན་སྤྱི་ལོ་༢༠༡༤་ནས་༢༠༡༦་བར་དུ་སྒྱུ་རྩལ་རྩོམ་རིག་དང་དཔྱད་བརྗོད་རྣམས་དོགས་སོན་བྱ་གཞི་གཙོ་བོར་བཟུང་སྟེ་ཡུ་གུར་སྐད་ཡིག་གི་རྩོམ་དང་གཞས་ཚིག་རྣམས་རེ་རེ་བཞིན་ཞིབ་བཤེར་བྱེད་ཀྱིན་འདུག་ཅེས་བཤད། སྤྱི་ལོ་༢༠༡༧་ལོ་ནས་ཡུ་གུར་སྐད་དུ་དཔེ་དེབ་གཅིག་ཀྱང་དཔར་སྐྲུན་བྱེད་ཐུབ་མེད། ཡོངས་ཁྱབ་ཀྱིས་ངོས་འཛིན་ཡོད་པའི་སྐད་གྲགས་ཆེ་བའི་ཡུ་གུར་བའི་མི་སྣ་མང་པོ་ཞིག་བཙོན་འཇུག་བྱས་ནས་གར་སོང་ཆ་མེད་དུ་གྱུར་པ་སྟེ། མི་སྣ་དེ་དག་གིས་ཡུ་གུར་བའི་རིག་གནས་དང་སྐད་ཡིག་གི་ཉམས་རྒུད་སོགས་ཀྱི་སྐོར་ལ་རྩོམ་ཡིག་སྤེལ་བ་དང་གླེང་སློང་བྱས་པ་རྣམས་ཁྲིམས་འགལ་དུ་རྩི་བཞིན་པ་རེད། ཁོ་ཚོའི་གྲས་སུ་རྩོམ་པ་པོ་དང་རྩོམ་སྒྲིག་པ། སྙན་ངག་པ། རོལ་མོ་བ། གློག་བརྙན་བཟོ་སྐྲུན་པ། ཞིབ་མཇུག་པ་བཅས་ཡོད་ཅིང་། ཕལ་ཆེར་འདི་ལྟའི་མི་སྣ་ཁག་བཀག་ཉར་བྱེད་ཡོད་པའི་གྲངས་འབོར་ནི་བརྒྱ་ཕྲག་ཁ་ཤས་ལོངས་སྲིད་ཅེས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་འཛིན་པའི་སྲིད་ཇུས་ཀྱི་རྒྱུད་རིམ་ཁག་ངོ་སྤྲོད་གནང་འདུག

ཡང་ཆེད་མཁས་པ་འདིས་བརྗོད་དོན། ད་ལྟ་ཞིན་ཅང་གི་ཡུ་གུར་བ་ཚོས་གདོང་ལེན་བྱེད་བཞིན་པའི་གནས་སྟངས་འདི་ནི་རིག་གནས་གསར་བརྗེ་ལས་ཀྱང་ཐབས་རྡུགས་པ་དང་སྐྱི་གཡའ་བ་ཞིག་ཡིན་ཞིང་། མའོ་ཙེ་ཏུང་གིས་ལོ་བཅུའི་རིང་ལ་རིག་གནས་གསར་བརྗེ་བསླངས་ནས་ཆོས་ལུགས་དད་མོས་སྣུབ་ཐབས་བྱས་ཀྱང་ད་ལྟའི་ཡུ་གུར་མི་རིགས་ཀྱི་གནས་སྟངས་འདི་ནི་དུས་སྐབས་དེ་ལས་ཀྱང་ཆེས་མུན་ནག་དང་རྒྱལ་ཁབ་ཀྱི་བརྟན་བརླིང་ཞེས་པར་ཁ་ལ་གཡར་ནས་ཡུ་གུར་བའི་འགྲོ་འདུག་སྤྱོད་གསུམ་ལ་འཕྲུལ་ཆས་སྟོང་ཕྲག་མང་པོས་བྱ་ར་བྱེད་པའི་འཇིག་སྐྲག་གི་དུས་སྐབས་འདི་ལས་བརྒལ་ཐུབ་ཀྱི་མེད་པ་རེད། ད་དུང་དེ་ལས་ཀྱང་གདུག་རྩུབ་ཆེ་བ་ནི་ཡུ་གུར་བའི་ཕྲུག་གུ་མང་པོ་ཕ་མའི་འཁྲིས་ནས་བཙན་ཁྲིད་ཀྱིས་ཡུ་གུར་བའི་རིག་གནས་དང་ཆོས་ལུགས་ཀྱི་བག་ཆགས་མ་ཐེབས་པ་བྱ་ཐབས་བྱེད་ཡོད་པ་དང་། འདི་ནི་མའོ་ཙེ་ཏུང་གི་རིག་གནས་གསར་བརྗེའི་དུས་སྐབས་ལས་ཀྱང་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་རེད་ཅེས་ཞིན་ཅང་གི་ཡུ་གུར་བ་ཚོས་ངོས་འཛིན་བྱེད་བཞིན་འདུག

XS
SM
MD
LG