ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་མི་ཕྱི་རྒྱལ་ཏུ་འགྲོ་རྒྱུར་སྔར་ལས་དམ་དྲག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༢༠༡༩་ལོའི་ཟླ་དང་པོ་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་བོད་པ་ཚོར་ཕྱི་སྐྱོད་ལམ་ཡིག་སྟེར་རྒྱུ་དང་ཕྱིའི་རྒྱལ་ཁབ་ཏུ་འགྲོ་རུ་འཇུག་རྒྱུ་དེར་ཚོད་འཛིན་བྱ་ཤུགས་ཆེ་རུ་བཏང་ཡོད་ཅིང་། བོད་ནང་གི་ཡུལ་སྐོར་སྣེ་ཤན་པ་ཞིག་གིས་དྲྭ་ལམ་དུ་གནས་ཚུལ་བཀོད་པ་ལྟར་ན་གཞུང་གིས་༢༠༡༩་ལོའི་ཟླ་དང་པོ་ནས་སྤྱི་ཟླ་༤་པའི་བར་དུ་བོད་པ་ཚོར་ཕྱི་སྐྱོད་ལག་འཁྱེར་སྟེར་རྒྱུ་དང་ཕྱི་རྒྱལ་ལ་འགྲོ་རུ་འཇུག་རྒྱུ་མིན་པའི་བཀག་འགོག་བྱས་སོང་ཞེས་འཁོད་འདུག

སྤྱིར་མཚོ་སྔོན་གཙོས་བོད་ཀྱི་ས་གནས་ཁག་ཅིག་ལ་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གང་རུང་གི་འགན་སྲུང་ཡོད་ན་བོད་པ་མང་པོ་ཞིག་ལ་ཕྱི་སྐྱོད་ལམ་ཡིག་སྟེར་གྱི་ཡོད་པས་ཉེ་བའི་ལོ་རེ་ཟུང་གི་ནང་དུ་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཁག་བརྒྱུད་ནས་བོད་པ་ཚོ་ཐེ་ལན་ཌི་དང་སིངྒ་པུར། མ་ལེ་ཞི་ཡ། ཉི་ཧོང་བཅས་རྒྱལ་ཁབ་ཁག་ཅིག་ལ་ལྟ་སྐོར་དུ་འགྲོ་ཐུབ་པའི་གུ་ཡངས་ཐོབ། ཐེ་ལན་ཌི་གཙོར་བོར་གྱུར་པའི་རྒྱལ་ཁབ་ཁག་ལ་བོད་པ་ཚོ་གནས་སྐོར་དང་མཆོད་མཇལ་བྱེད་དུ་འགྲོ་མཁན་སྟོང་ཕྲག་མང་པོ་བྱུང་འདུག་པར་མ་ཟད། ཁོ་ཚོ་གནས་སྐོར་ལ་ཕྱིན་ནས་རང་ཡུལ་དུ་ལོག་མ་ཐག་ཏུ་ཕྱི་སྐྱོད་ལམ་ཡིག་རྣམས་ཕྱིར་བསྡུ་བྱས་ཏེ་ཡུལ་མི་སོ་སོ་གནས་སྡོད་བྱ་ཡུལ་གྱི་ཡུལ་ཚོ་དང་གྲོང་རྡལ་བཅས་ཀྱི་གཞུང་གི་ལས་ཁུངས་ཁག་ཏུ་ཉར་འཛིན་གྱི་ཡོད་པ་རེད།།

གལ་སྲིད་བོད་པ་དེ་རྣམས་བསྐྱར་དུ་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་དགོས་ན་ཕྱི་སྐྱོད་ལམ་ཡིག་རྣམས་གྲོང་ཚོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་བཟུང་སྟེ་ཡུལ་ཚོ་དང་། རྫོང་། ཁུལ་བཅས་ཀྱི་གཞུང་འབྲེལ་ལས་ཁུངས་ཁག་གི་ངོ་སྤྲོད་ལག་འཁྱེར་ལེན་དགོས། ད་དུང་ས་གནས་ཀྱི་གསང་བའི་ལས་ཁང་གིས་ཞིབ་འཇུག་བྱས་ནས་ཆོག་མཆན་འཐོབ་དགོས་པ་བཅས་འགྲོ་ལུགས་ལྟར་ལམ་ཡིག་སྤྲད་ཟིན་པ་རྣམས་བསྐྱར་དུ་ལེན་དུས་ཀྱང་ཕྱི་སྐྱོད་ལམ་ཡིག་གསར་པ་ལེན་རྒྱུ་ལས་ཀྱང་དཀའ་ངལ་དང་རྙོག་འཛིང་ཆེ་བ་ཡོད་ཅིང་། ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཁག་བརྒྱུད་ནས་འགྲོ་གྲོན་ཆེན་པོ་བཏང་ན་བོད་པ་ཁག་ཅིག་ལ་དུས་བཅད་ནང་ཚུད་དུ་ཕྱི་སྐྱོད་ལམ་ཡིག་སྤྲོད་ཀྱི་ཡོད་ཀྱང་༢༠༡༩་ནས་བཟུང་སྟེ་ཕྱི་སྐྱོད་ལམ་ཡིག་སྟེར་རྒྱུ་རྦད་དེ་བཀག་འགོག་བྱས་འདུག

སྔ་ལོ་ནས་འབྲེལ་ཡོད་སྤྱི་བདེ་ལས་ཁུངས་སོགས་ཀྱིས་འགྲོ་ལུགས་ལྟར་ལམ་ཡིག་སྟེར་རྒྱུའི་ཆོག་མཆན་ཐོབ་ཟིན་པ་རྣམས་ལའང་ལམ་ཡིག་སྤྲད་མེད་པའི་གནས་ཚུལ་བྱུང་ཞིང་། ༢༠༡༨་ལོའི་སྤྱི་ཟླ་༡༢་པའི་ནང་དུ་ཐེ་ལན་ཌི་སོགས་སུ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་རྒྱུར་ཐོ་འགོད་བྱས་ཟིན་པའི་བོད་པ་ཁག་ཅིག་ལ་ཕྱི་སྐྱོད་ལམ་ཡིག་སྤྲད་མེད་པས་དེང་སྐབས་བོད་པ་ཚོས་གཉེར་བཞིན་པའི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཁག་གི་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག གཞན་ཡང་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་དུ་གནས་ཚུལ་བཀོད་པ་ལྟར་ན་ལོ་འདིར་བལ་ཡུལ་དང་རྒྱ་གར་ལ་གནས་སྐོར་དུ་སོང་ཡོད་པའི་བོད་པ་ཚོར་རང་གི་ས་གནས་སྲིད་གཞུང་ཁག་གིས་མི་མངགས་པའམ་། ཡང་ན་ཁ་པར་བཏང་ནས་མྱུར་དུ་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའི་བཀའ་བཏང་སྟེ་འཇིགས་སྐུལ་བྱས་འདུག

༢༠༡༧་ལོའི་སྤྱི་ཟླ་དང་པོའི་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་བའི་སྐབས་ཀྱང་རྒྱ་ནག་གཞུང་གིས་སྐབས་དེར་བལ་ཡུལ་དང་རྒྱ་གར། ཡུ་རོབ་དང་ཨ་རི་སོགས་སུ་སོང་ཡོད་པའི་རྒྱ་ནག་གི་ཕྱི་སྐྱོད་ལམ་ཡིག་འཁྱེར་ཡོད་མཁན་ཚང་མའི་ཁྱིམ་ཚང་ཁག་ལ་བརྡ་བཏང་ནས་རྒྱ་གར་དང་བལ་ཡུལ་དུ་སོང་ཡོད་པ་ཚོ་མྱུར་དུ་རྒྱ་ནག་ལ་ཕྱིར་ལོག་བྱ་དགོས། ཨ་རི་དང་ཡུ་རོབ་ཏུ་ཡོད་པའི་སློབ་ཕྲུག་སོགས་ཀྱང་རྒྱ་གར་ལ་བསྐྱོད་མི་ཆོག་ཅེས་བཀའ་བསྒྲགས། སྐབས་དེར་རྒྱ་གར་ལ་དུས་འཁོར་དབང་ཆེན་ཞུ་རུ་སོང་ཡོད་པའི་བོད་པ་མང་ཆེ་བས་བཀའ་དབང་ཞུ་མ་ཕད་པར་ཕྱིར་ལོག་བྱ་དགོས་བྱུང་ཡོད། ཁོ་ཚོ་ཕྱིར་ལོག་བྱས་དུས་ཕྱི་སྐྱོད་ལམ་ཡིག་རྣམས་གཏུབས་ཏེ་བཀོལ་སྤྱོད་མེད་པར་བཟོས། ལོ་དེར་དུས་འཁོར་དབང་ཆེན་ལ་ཁ་གཡར་ནས་བོད་པ་ཚང་མའི་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་པའི་རྗེས་སུ་ཕྱི་སྐྱོད་ལམ་ཡིག་རྣམས་ད་དུང་ཡང་དོ་བདག་སོ་སོར་་ཕྱིར་སྤྲོད་བྱས་མེད་པ་རེད།།

XS
SM
MD
LG