ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཕྱི་འབྲེལ་ཚུགས་ནས་ལོ་༤༠་འཁོར་པ།


༄༅།། ཕྱི་ཟླ་དང་པོའི་ཚེས་༡་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཀྱིས་ཕན་ཚུན་ཕྱི་ལོ་གསར་པའི་འཚམས་འདྲི་དང་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༤༠་འཁོར་པའི་དུས་དྲན་ལ་རྟེན་འབྲེལ་ཞུས་ཏེ། ཞིས་ཅིན་ཕིང་གི་རྟེན་འབྲེལ་གྱི་ཤིས་ཚིག་དེར་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འཕེལ་འགྲིབ་སྣ་ཚོགས་བྱུང་རུང་འདས་པའི་ལོ་༤༠་རིང་དེར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲུབ་འབྲས་སྨིན་ཡོད། ང་ཚོས་ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་དང་འཛམ་གླིང་ལ་ཞི་བདེ་བརྟན་ལྷིང་། ཡར་རྒྱས་གོང་འཕེལ་བཅས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། མཉམ་འབྲེལ་ནི་ཕྱོགས་གཉིས་ཀྱི་གདམ་ཀ་མཆོག་ཏུ་གྱུར་པ་དེ་ཡིན་པ་ང་ཚོར་ལོ་རྒྱུས་ཀྱིས་ར་སྤྲོད་བྱུང་ཡོད། ད་ལྟ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་གནད་འགག་ཆེ་བའི་རིམ་པ་ཞིག་ཏུ་སླེབས་ཡོད་ཅེས་བསྒྲགས།།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་༢༠༡༩་ལོའི་ཕྱི་ཟླ་དང་པོའི་ཚེས་༡་ནི་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༤༠་འཁོར་པའི་དུས་དྲན་ཡིན། འདས་པའི་ལོ་ངོ་དེ་དག་གི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་བཏང་ནས་གྲུབ་འབྲས་བཟང་པོ་ཐོན་ཡོད། ངས་རྒྱ་ནག་དང་ཨ་མི་རི་ཀ་མཉམ་འབྲེལ་བྱ་དགོས་པ་དང་ཕྱོགས་གཉིས་ཀས་དོན་ཕན་ལྡན་པའི་འབྲེལ་བ་ཞིག་འཛིན་རྒྱུ་གཙིགས་སུ་བཟུང་ཡོད། ལྷག་པར་དུ་ངས་སྲིད་འཛིན་ཞིས་ཅིན་ཕིང་ལ་སྒེར་གྱི་གྲོགས་པོའི་འབྲེལ་བ་བརྟན་པོ་བཙུགས་ཡོད་པས་འབྱུང་འགྱུར་གྱི་ལོ་ངོ་དེ་དག་གི་རིང་དུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་ཐུབ་པ་དང་རླབས་ཆེན་གྱི་གྲུབ་འབྲས་སྨིན་ཐུབ་པའི་རྨང་གཞི་ཚུགས་ཡོད་ཅེས་རྟེན་འབྲེལ་གྱི་ཤིས་ཚིག་སྤེལ། འོན་ཀྱང་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ཀས་སྔ་ལོ་ནས་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་དང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ལ་འགལ་རྐྱེན་ཆེན་པོ་ཞིག་འཕྲད་ཡོད་པ་ཇི་ལྟར་སེལ་དགོས་མིན། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པར་དཀའ་ངལ་འདི་བྱུང་བའི་འགག་རྩ་སོགས་ལ་གླེང་སློང་གཏིང་ཟབ་གང་ཡང་བྱས་མི་འདུག

འདི་ཙམ་ན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཚུའི་ཐེན་ཁེས་རྒྱ་ནག་དང་ཨ་མི་རི་ཀས་ཕྱི་འབྲེལ་བཙུགས་ནས་ལ་༤༠་འཁོར་པའི་དུས་དྲན་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ལོ་༤༠་ཡར་སྔོན་དུ་རྒྱ་ནག་གིས་བཅོས་སྒྱུར་སྒོ་འབྱེད་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དང་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་པ་དུས་མཉམ་ལྟ་བུ་ཞིག་ཏུ་ཁེལ་ཡོད་པས་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་ཡོད། ལོ་༢༣༠་གོང་དེར་ཨ་རིའི་ཚོང་གྲུ་ཁག་ཅིག་རྒྱ་ནག་ཏུ་འབྱོར་ཏེ་སྐབས་དེའི་གོང་མར་འཚམས་འདྲི་དང་རྒྱ་ནག་གི་དཀར་སྡེར་མང་པོ་ཞིག་འཁྱེར་ནས་ཨ་མི་རི་ཀར་ཕྱིར་ལོག་བྱས་ཡོད། དཀར་སྡེར་དེ་དག་གི་ཁག་ཅིག་ད་དུང་ཡང་ཨ་རིའི་སྲིད་འཛིན་དང་པོ་འཇོར་ཇི་ཝ་ཤིང་ཊོན་གྱི་གཞིས་ཀ་མོན་ཊི་ཝྭར་ནན་གྱི་ཁང་པའི་ནང་དུ་ཡོད་ཅིང་། དུས་སྔ་མོ་ཞིག་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་འབྲེལ་བཙུགས་པ་རྒྱུན་བསྐྱངས་ནས་འཕེལ་རྒྱས་བྱུང་བས་འཛམ་གླིང་ཡོངས་ལ་འགྱུར་བ་ཐེབས་ཡོད། ལོ་༤༠་གོང་དེར་རྒྱ་ནག་གིས་བཅོས་སྒྱུར་སྒོ་འབྱེད་བྱས་པ་དང་པེ་ཅིང་དང་ཝ་ཤིང་ཊོན་གྱིས་ཕྱི་འབྲེལ་བཙུགས་པ་དེར་གཟེངས་སུ་ཐོན་པའི་གྲུབ་འབྲས་སྨིན་ཡོད།།

དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀས་ཉིན་ལྟར་ཨ་སྒོར་དུང་ཕྱུར་༡༥་རེའི་ཚོང་ལས་གཉེར་གྱི་ཡོད་པ་དང་ཨ་མི་རི་ཀའི་ཁྱིམ་ཚང་དཀྱུས་མ་ཁག་གིས་རྒྱ་ནག་ནས་ཐོན་པའི་དངོས་ཟོག་རིན་གོང་ཁེ་བོ་དེ་དག་ལ་བརྟེན་ནས་ལོ་ལྟར་ཁྱིམ་ཚང་རེས་ཨ་སྒོར་༨༥༠་རེ་གྲོན་ཆུང་བྱེད་ཐུབ་ཀྱིན་འདུག ༢༠༡༥་ལོར་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་པ་ལྟར་ན་རྒྱ་ནག་ལ་དངོས་ཟོག་ཕྱིར་ཚོང་བྱས་པ་ཁོ་ནར་བརྟེན་ནས་ཨ་མི་རི་ཀ་བ་༩༡༠༠༠༠་ལ་ལས་ཀ་གོ་སྒྲིག་བྱེད་ཐུབ་ཀྱི་ཡོད་པ་ནི་ཚོང་ལས་གཅིག་པུའི་དགེ་མཚན་མིན། ཨ་མི་རི་ཀ་དང་རྒྱ་ནག་མི་དམངས་ཁྲི་ཚོ་༡་ཡས་མས་རེ་སློབ་གཉེར་དང་གཉེན་འཕྲད། ཚོང་ལས་དང་སྤྲོ་འཆམ་སོགས་ལ་ཕན་ཚུན་མཁའ་ལམ་བརྒྱུད་ནས་འགྲིམ་འགྲུལ་བྱེད་བཞིན་ཡོད། འདས་པའི་ལོ་༤༠་རིང་ལ་ང་ཚོར་གཉིས་ཕན་གྱི་གྲུབ་འབྲས་ཐོན་ཡོད་པར་མ་ཟད། རྒྱ་ནག་དང་ཨ་མི་རི་ཀའི་སྤྱི་ཚོགས་གཉིས་ཀར་ཁེ་ཕན་ཐོབ་ཡོད། ང་ཚོ་གྲང་དམག་འཁོན་འཛིང་གི་གནས་སྟངས་འོག་ནས་འཇིགས་སྐུལ་རིང་ལུགས་ལ་མཉམ་དུ་འཐབ་རྒོལ་བྱེད་ཐུབ་པའི་མཐུན་གྲོགས་ཤིག་ཏུ་འགྱུར་ཐུབ་པ་ནི་འཕེལ་རྒྱས་ཆེན་པོ་ཞིག་ཡིན་ཞེས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བར་བསྔགས་བརྗོད་ཆེན་པོ་བྱས་འདུག

འོན་ཀྱང་ལོ་༤༠་གོང་དུ་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་མཁན་ཐོག་མ་ནི་སྐབས་དེའི་ཨ་རིའི་སྲིད་འཛིན་འཇི་མཱི་ཁ་ཊར་ཡིན་ཞིང་། ཁོང་གིས་རྒྱ་ནག་དང་ཨ་མི་རི་ཀས་ཕྱི་འབྲེལ་བཙུགས་པའི་ལོ་༤༠་འཁོར་པའི་དུས་དྲན་སྐབས་སུ་རྩོམ་ཡིག་སྤེལ་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་ཇི་ལྟར་བཙུགས་པ་དང་མ་འོངས་པར་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཁ་ཕྱོགས་གང་དུ་བསྐྱོད་དགོས་མིན་ལ་ཉམས་མྱོང་སྤེལ་དོན། ལོ་༤༠་ཐམ་པའི་ཡར་སྔོན་དེར་ང་དང་རྒྱ་ནག་གི་འགོ་ཁྲིད་ཏིན་ཞའོ་ཕིང་གཉིས་ཀྱིས་ཨ་མི་རི་ཀ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བཙུགས་པ་ཡིན། དུས་དེ་ནས་བཟུང་སྟེ་ཕྱོགས་གཉིས་ཀས་ཕན་ཚུན་དགྲར་འཛིན་གྱི་འདུ་ཤེས་དོར་ནས་ཨེ་ཤི་ཡའི་ཤར་ཕྱོགས་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཞིག་འགོ་ཚུགས་ཡོད། ད་ལྟ་ཨ་མི་རི་ཀ་དང་རྒྱ་ནག་གི་དཔལ་འབྱོར་ནི་འཛམ་གླིང་གི་དཔལ་འབྱོར་གྱི་སྲོག་ཤིང་ལྟ་བུ་ཞིག་ལ་གྱུར་ཡོད་ཅིང་། ངས་རྒྱ་ནག་གི་གནད་ཡོད་མི་སྣ་ཇི་སྙེད་ཅིག་གིས་ཨ་མི་རི་ཀས་རྒྱ་ནག་ལ་ལྐོག་གཡོ་ངན་ཇུས་གཤོམ་གྱིན་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་གོ་ཐོས་འབྱུང་གི་འདུག ཨ་མི་རི་ཀའི་གནད་ཡོད་མི་སྣ་ཇི་སྙེད་ཅིག་རྒྱ་ནག་དམངས་གཙོའི་རྒྱལ་ཁབ་ཅིག་ལ་འགྱུར་ཐུབ་ཀྱི་མེད་པར་བློ་ཕམ་འབྱུང་གི་ཡོད་པ་གོ་ཐོས་འབྱུང་གི་འདུག གལ་སྲིད་རྒྱ་ནག་དང་ཨ་མི་རི་ཀའི་འགོ་ཁྲིད་ཚོས་འདུ་ཤེས་འདི་འདྲ་ཞིག་བཟུང་ན་ཕྱོགས་གཉིས་སླར་ཡང་གྲང་དམག་འཁོན་འཛིང་གསར་པ་ཞིག་གི་ཕྱོགས་སུ་བསྐྱོད་རྒྱུ་ལྡོག་ཐབས་མེད། ད་ལྟའི་ཛ་དྲག་གི་དུས་སུ་ཐེ་ཝན་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོ། ཕྱོགས་གཉིས་ཀྱི་ཚོང་ལས་སོགས་ལ་གཏན་འབེབས་ཟིན་པའི་སྲིད་ཇུས་ཁག་ལག་ལེན་ཚུལ་བཞིན་བསྟར་དགོས། དེ་ལྟར་མ་བྱུང་ན་རྒྱ་ནག་དང་ཨ་མི་རི་ཀ་གཉིས་རྩིས་ལོག་ཐེབས་ནས་དམག་འཁྲུག་འབྱུང་སྲིད་པའི་ཉེན་ཀ་ཡོད། ཉེ་ཆར་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ཞོར་དུ་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ལ་ཉི་མ་༩༠་ཐམ་པའི་རིང་དེར་ཕྱོགས་གཉིས་ཀས་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་མཚམས་འཇོགས་རྒྱུའི་གྲོས་མཐུན་བྱུང་བ་དང་། དུས་ཡུན་ཟླ་བ་གསུམ་གྱི་རིང་དེར་ཕྱོགས་གཉིས་ཀས་གྲོས་བསྡུར་བྱས་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་དཀའ་ངལ་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱ་དགོས། འདི་ནི་རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླ་རྣམས་གཏན་དུ་སེལ་ཐུབ་པའི་ཐབས་ལམ་འབའ་ཞིག་ཡིན་སྲིད་ཅེས་ལམ་སྟོན་གྱི་རྩོམ་ཡིག་སྤེལ་འདུག

XS
SM
MD
LG