དེ་རིང་སྤྱི་ལོ་གསར་པའི་ཚེས་གཅིག་གི་ཕྱི་དྲོ་ནས་ཧོང་ཀོང་གི་བསམ་བློ་མི་འདྲ་བ་དང་ཆབ་སྲིད་ཀྱི་ལང་ཕྱོགས་མི་མཐུན་པའི་མི་སྣ་མང་པོ་ཞིག་མཉམ་དུ་འཛོམས་ནས་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག སྤྱི་ལོ་གསར་པའི་ཚེས་གཅིག་ཉིན་བྱུང་བའི་ཧོང་ཀོང་གི་ཞི་བའི་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས་མཁན་ཚོས་ཧོང་ཀོང་གི་རེ་བ་དམངས་ཁྲོད་དུ་ཡོད། ཧོང་ཀོང་ད་དུང་ཚར་མེད་ཅེས་པའི་འབོད་ཚིག་བསྒྲགས་ནས་ཧོང་ཀོང་གི་ཐུང་ལོ་ཝན་ས་གནས་སུ་འཛོམས་ཏེ་ཁྲོམ་སྐོར་ལས་འགུལ་མགོ་བརྩམས། འདི་ནི་ཧོང་ཀོང་གི་ཆབ་སྲིད་ལངས་ཕྱོགས་མི་འདྲ་བའི་མི་སྣ་འདྲ་མིན་འདུས་པའི་ཁྲོམ་སྐོར་ཞིག་དང་ལངས་ཕྱོགས་མི་མཐུན་པའི་མི་ཚོས་རང་གི་ལྟ་ཚུལ་མི་འདྲ་བ་རྣམས་མཉམ་དུ་སྤུངས་སའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
ཁྲོམ་སྐོར་ལས་འགུལ་དེའི་སྐབས་སུ་རྒྱ་ནག་གཞུང་ལ་མཐུན་ཕྱོགས་ཀྱི་བསམ་བློ་འཛིན་མཁན་དང་ཧོང་ཀོང་རང་བཙན་གྱི་ལྟ་བ་འཛིན་མཁན་ཚོས་ཕུན་ཚུན་སེམས་ཚོར་དྲག་པོས་སྐད་འབོད་བྱེད་རེས་དང་འབོད་ཚིག་སྒྲོགས་རེས་ཀྱི་ཁ་རྩོད་ཤོར་འདུག མི་ཚཚོགས་ཕྱོགས་ཁག་གཉིས་ཀྱི་དཀྱིལ་དེར་ཧོང་ཀོང་གི་བདེ་སྲུང་མི་སྣས་ཕྱོགས་གཉིས་ཀྱི་ལས་འགུལ་བ་ཚོར་འཁྲུག་རྩོད་འབྱུང་སྲིད་པ་བཀག་ཅིང་། རྒྱ་ནག་གཞུང་དང་མཐུན་ཕྱོགས་ཀྱི་བསམ་བློ་འཛིན་མཁན་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་པ་ལྟར་ན་འདས་པའི་ལོ་ངོ་སུམ་བཅུ་བཞི་བཅུ་ཞིག་གི་རིང་ལ་རྒྱ་ནག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པས་ང་ཚོས་སྔར་ལས་ལྷག་པར་རང་གི་མེས་རྒྱས་ལ་དགའ་ཞེན་བྱ་དགོས་ཅེས་བཤད།།
ད་དུང་སྤྱི་ཚོགས་རིང་ལུགས་པ་ཡིན་ཟེར་མཁན་ནེ་སིན་ལེང་ཟེར་བ་ཞིག་གིས་ང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་སྒྲིག་འཛུགས་ཤིག་གི་ཚོགས་མི་ཡིན། དེ་རིང་སྤྱི་ལོ་གསར་པའི་ཉིན་མོར་མི་ཚོར་བཤད་འདོད་པ་ཞིག་ཡོད་པ་ནི་ང་ཚོས་རང་གི་ལྟ་ཚུལ་ཕྱི་ལ་བཏོན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་ལ་ངོ་རྒོལ་དང་མིས་བཟོས་པའི་གླིང་ཕྲན་ལ་ངོ་རྒོལ་བྱ་དགོས། སྲིད་གཞུང་གིས་སྤྱི་བའི་ཐོན་ཁུངས་བེད་སྤྱོད་བཏང་སྟེ་མཚོ་ཐོག་ཏུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱེད་བཞིན་པ་ནི་དོན་དངོས་སུ་དབང་འཛིན་པའི་ཁེ་ཕན་ལ་དམིགས་པ་ཞིག་རེད་ཅེས་རྒོལ་གཏམ་བསྒྲགས། རུའི་ལི་དབྱིན་ཟེར་པའི་བུད་མེད་ཅིག་གིས་ང་ལ་མཚོན་ན་སུན་ཀྲུང་ཧྲིན་གྱིས་བཏོན་པའི་ཀྲུང་ཧྭ་ཆེན་མོ་ཞེས་པའི་ལྟ་ཚུལ་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོ་རྒྱ་ནག་པས་ཅིའི་ཕྱིར་རྒྱ་ནག་གི་མི་ལ་ཐུབ་ཚོད་དང་གཉའ་གནོན་བྱ་དགོས་སམ། སུན་ཀྲུང་ཧྲིན་གྱིས་གསར་དུ་བཙུགས་པའི་ཀྲུང་ཧྭ་ཆེན་མོ་ཞེས་པའི་ལྟ་ཚུལ་ལྟར་ང་ཚོིས་མཐུན་སྒྲིལ་བྱ་འོས། ཐེ་ཝན་ལ་ཡང་དྲག་གནོན་བྱ་མི་འོས་ཞེས་སོགས་བཤད་འདུག
ཧོང་ཀོང་གི་རང་བཙན་དོན་གཉེར་བ་ཚོས་སྤྱི་ལོ་༢༠༡༨་ལོར་ཧོང་ཀོང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཧོང་ཀོང་མི་རིགས་ཚོགས་པ་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་འགལ་ཏུ་བརྩིས་པ་ནས་བཟུང་། ད་ལོའི་ཚེས་གཅིག་གི་ཁྲོམ་སྐོར་ལས་འགུལ་ལ་ཧོང་ཀོང་གི་རང་བཙན་དོན་གཉེར་བ་སླེབས་སྲིད་མིན་ནི་མི་རྣམས་ཀྱིས་དོ་སྣང་བྱ་སའི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར། དེ་རིང་ཕྱི་དྲོའི་ཆུ་ཚོད་༢་པ་ཡས་མས་ནས་ཧོང་ཀོང་གི་རང་བཙན་དོན་གཉེར་བ་ཁག་ཅིག་གིས་འཕྲེད་དར་འཁྱེར་ནས་ཁྲོམ་སྐོར་ལས་འགུལ་ལ་ཞུགས་ཀྱང་མི་མང་པོ་ཞིག་མཉམ་ཞུགས་བྱས་མེད་ཅིང་། ང་རྒོལ་ཁྲོམ་སྐོར་མགོ་བརྩམས་པ་དང་མཉམ་དུ་ཧོང་ཀོང་གི་རང་བཙན་ལ་ངོ་རྒོལ་བྱེད་མཁན་ཚོས་སྐད་ཤུགས་ཆེན་པོས་རང་བཙན་དོན་གཉེར་བ་ཚོར་ངོ་རྒོལ་བྱས་ནས་འཕྲེད་དར་གྱི་སྟེང་དུ་ས་འདི་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བྲིས། ད་ལོའི་ཁྲོམ་སྐོར་བའི་གྲས་ཀྱི་མི་ཁག་ཅིག་གིས་དབྱིན་ཇིའི་རྒྱལ་དར་འཁྱེར་ཡོད་པ་དང་འཕྲེད་དར་སྟེང་དུ་དབྱིན་ཡིག་ཏུ་རྒྱ་ནག་གཞུང་གིས་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་གྲོས་མཐུན་བཞག་པའི་འབྲུ་དོན་མང་དག་ཅིག་ལ་འགལ་འཛོལ་བྱས་སོང་། མ་འོངས་པར་ཧོང་ཀོང་དབྱིན་ཡུལ་གྱི་ཁོངས་སུ་སླར་ཡང་ཕྱིར་སློག་བྱ་དགོས་ཞེས་འཁོད་པའི་འབོད་ཚིག་བྲིས་ཡོད་པ་རེད།།