ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྲོས་ཚོགས་ལ་སྲིད་གཞུང་སྒོ་འབྱེད་འདོད་ཡོད་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཨ་མི་རི་ཀའི་གཞུང་གི་ལས་ཁུང་ཁག་ཅིག་སྒོ་འབྱེད་ཐབས་སུ་གཞུང་གྲོན་དངུལ་རྩིས་ལ་མོས་མཐུན་བྱ་འཆར་ཡོད་ཀྱང་ཨ་མི་རི་ཀ་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་ཞིག་བསླང་རྒྱུའི་མ་དངུལ་རྣམས་སྤྲོད་འཆར་མེད་པས་རྒྱལ་ཡོངས་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོ་དང་ཨ་མི་རི་ཀའི་སྲིད་འཛིན་གཉིས་དགོངས་ཚུལ་མི་མཐུན་པའི་དཀའ་ངལ་དེ་སེལ་ཐུབ་ཀྱི་མེད་པ་རེད།།

ཨ་མི་རི་ཀའི་གྲོས་ཚོགས་གསར་པའི་འཐུས་མི་གྲངས་མང་གི་གནས་བབ་འཛིན་མཁན་དམངས་གཙོ་ཚོགས་པས་གཟའ་ཕུར་བུའི་ཉིན་ཁྲིམས་འཆར་གཉིས་ལ་འོས་བསྡུ་བྱེད་ཀྱི་ཡོད་ཅིང་། ཁྲིམས་འཆར་གཅིག་ནི་གྲོས་ཚོགས་འཐུས་མི་ཚོས་ལོ་འདིའི་ཕྱི་ཟླ་༩་པ་བར་དུ་ཨ་མི་རི་ཀའི་གཞུང་གི་ལས་ཁུང་ཁག་གི་འགྲོ་གྲོན་ལ་ཆོག་ཆན་འགོད་རྒྱུ་དང་། ཁྲིམས་འཆར་གཞན་དེས་ཨ་མི་རི་ཀའི་རྒྱལ་ནང་བདེ་འཇགས་ལས་ཁང་གི་འགྲོ་གྲོན་ཁག་ལ་ཆོག་ཆན་འགོད་ཀྱི་ཡོད་པ་དེའི་ཁོངས་སུ་ཨ་མི་རི་ཀ་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་རྒྱུར་འགྲོ་གྲོན་གཏོང་ཆོག་གི་མེད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་རྟག་ཏུ་ཨ་མི་རི་ཀ་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་སྤེལ་གི་ཡོད་པ་ལྟར་གཟའ་ཟླ་བའི་ཉིན་སྤེལ་བའི་གནས་འཕྲིན་དེའི་ནང་དུ་རྩིག་གྱང་མེད་ན་ཨ་མི་རི་ཀས་རང་གི་ས་མཚམས་ལ་སྲུང་སྐྱོབ་བྱེད་མི་ཐུབ་ཅེས་བཀོད། དམངས་གཙོ་ཚོགས་པས་རྩིག་གྱང་བསླང་རྒྱུའི་འགྲོ་གྲོན་ཕུད་པའི་དེ་མིན་གྱི་གཞུང་གྲོན་ཚང་མར་ཆོག་ཆན་འགོད་ཆོག་ཅེས་བཤད་འདུག

གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བ་ནན་སི་ཕེ་ལོ་སི་དང་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་ཆཀ་ཤུ་མར་གཉིས་ཀྱིས་གཟའ་ཟླ་བའི་ཉིན་ཟུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་དུ་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་དམངས་གཙོ་ཚོགས་པའི་གྲོས་འཆར་ཁག་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་བསྐུལ་ཞུས་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་དུ་གཞུང་གྲོན་ལ་གྲོས་ཚོགས་གོང་མས་སྔོན་ནས་མོས་མཐུན་བྱུང་ཡོད་པའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་འཐུས་མི་ཚོས་རྒྱབ་སྐྱོར་མ་བྱས་ན་འགན་འཁྲི་གཏན་ནས་མ་བླངས་པ་ཞིག་མཚོན་ཐུབ། གྲོས་ཚོགས་གོང་མའི་འཐུས་མི་ཚོས་ང་ཚོའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་གལ་ཆེན་པོ་ཡིན་ཞེས་བཀོད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་དང་མེཀ་སི་ཀོའི་ས་མཚམས་སུ་བསླང་འཆར་ཡོད་པའི་རྩིག་གྱང་དེར་འགྲོ་གྲོན་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་༢༠་ཙམ་དགོས་སྲིད་པས་སྲིད་པས་སྔོན་ལ་རྩིག་གྱང་དེ་འགོ་འཛུགས་པར་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ལྔ་ལྷག་དགོས་ཟེར་གྱིན་ཡོད་ཀྱང་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་འགྲོ་གྲོན་དེའི་ནང་དུ་ས་མཚམས་སྲུང་སྐྱོབ་ལ་ཨ་སྒོར་ཐེར་འབུམ་༡་དང་དུང་ཕྱུར་༣་ལས་སྤྲོད་ཀྱི་མེད་པ་རེད།།

མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་རྒྱུའི་རྩོད་གཞི་དེར་འགྲིག་འཇགས་འབྱུང་ཐབས་སུ་སྲིད་འཛིན་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཚོས་གྲོས་མོལ་མ་གནང་བར་ཉིན་མང་འདས། རྩོད་གཞི་དེའི་རྐྱེན་གྱིས་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབ་ནས་ཉི་མ་༡༡་འགྲོ་བཞིན་ཡོད་པ་དང་ཨ་རིའི་དབུས་གཞུང་གི་ལས་བྱེད་པ་འབུམ་༣་དང་ཁྲི་ཚོ་༨་ལ་ལས་ཀ་མེད་པར་རང་ཁྱིམ་དུ་སྡོད་དགོས་བྱུང་ཞིང་། ད་ལྟ་དགོས་པ་ངེས་ཅན་གྱི་དབུས་གཞུང་གི་ལས་བྱེད་པ་འབུམ་༤་དང་ཁྲི་ཚོ་༢་ཡས་མས་ཤིག་གིས་གླ་ཕོགས་མེད་པར་སྲི་ཞུ་སྒྲུབ་ཀྱི་ལས་ཡོད་པ་རེད།།

XS
SM
MD
LG