ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ཁ་ཆེའི་ལྷ་ཁང་གསུམ་སྒོ་བརྒྱབ་པ།


༄༅།། རྒྱ་ནག་གི་ཡུན་ནན་ཞིང་ཆེན་གྱི་ཝེན་ཧྲང་རྫོང་གི་ཧོས་རིགས་སམ། རྒྱ་ཁ་ཆེ་ཚོས་བཞེངས་པའི་ལྷ་ཁང་གསུམ་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་རེད་ཅེས་སྐྱོན་འཛུགས་བྱས་ནས་ལྷ་ཁང་དེ་དག་སྒོ་བརྒྱབ་པ་དང་། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཅིག་པུ་མིན་པར་རྒྱ་ནག་གི་ཧོས་རིགས་འདུས་སྡོད་ས་གནས་ཁག་གི་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་ཁ་ཆེའི་རིག་གཞུང་ཁྱབ་སྤེལ། ཨ་རབ་སྐད་ཡིག་སློབ་ཁྲིད་སོགས་ལ་དམ་དྲག་བྱ་རྒྱུ་འགོ་ཚུགས། ལྷག་པར་དུ་༢༠༡༨་འདིར་རྒྱ་ནག་གཞུང་གིས་ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་ལ་དྲག་གནོན་བྱ་རྒྱུ་འགོ་ཚུགས་ཏེ་ས་གནས་དེའི་འགོ་ཁྲིད་ཚོ་ཞིན་ཅང་ལ་ཉམས་མྱོང་སློབ་ཏུ་བསྐྱོད་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་རྣམས་ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་དུ་ལག་ལེན་བསྟར་གྱི་ཡོད་ཅིང་། ཁ་སྔོན་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཡུན་ནན་ཞིང་ཆེན་གཞུང་གིས་ཀྱང་ཁ་ཆེའི་ལྷ་ཁང་གསུམ་སྒོ་བརྒྱབ་རྗེས་ལྷ་ཁང་དེ་དག་གི་ནང་དུ་ཕྱག་འཚལ་དགེ་སྦྱོར་བྱེད་མཁན་མི་མང་གིས་ངོ་རྒོལ་བྱས་ནས་ཉེན་རྟོག་པར་རྒོལ་འཛིང་བྱས་ཏེ་ཁ་ཤས་འཛིན་བཟུང་བྱས་འདུག

ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང་དྲིལ་བསྒྲགས་ལས་ཁང་གིས་མི་མང་ངོ་རྒོལ་བྱེད་མཁན་ཆོས་དད་པ་རྣམས་འཛིན་བཟུང་བྱས་ཡོད་མེད་ཅི་ཡང་མི་བཤད་པར་ཉེན་རྟོག་པ་ཚོས་དགོས་ངེས་ཀྱི་བྱ་ཐབས་ཁག་ཅིག་ལག་ལེན་བསྟར་ནས་ཁྲིམས་འགལ་གྱི་ལྷ་ཁང་གསུམ་སྒོ་བརྒྱབ་པ་ཡིན་ཞེས་བསྒྲགས་པར་མ་ཟད། ཝེ་ཧྲན་རྫོང་གི་ཡུང་ཅན་ཉེན་རྟོག་ལས་ཁང་གིས་ཀྱང་སྒོ་བརྒྱབ་མ་ཐག་པའི་ཁ་ཆེའི་ལྷ་ཁང་གསུམ་བཤིག་རྒྱུ་ཡིན་མིན་གསལ་བོར་བཤད་ཀྱི་མེད་པ་དང་། ཁོ་ཚོས་རིམ་བཞིན་གནད་དོན་འདིར་འབྲེལ་བ་ཡོད་པའི་གསལ་བསྒྲགས་སྤེལ་འཆར་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཤིང་། ཕྱི་ཟླ་༡༢་ཚེས་༢༩་ཉིན་རྒྱ་ནག་གཞུང་གིས་ཝེ་པའོ་དྲྭ་ཚུགས་སུ་གནས་ཚུལ་སྤེལ་པ་ལྟར་ན་ཁ་ཆེའི་ལྷ་ཁང་དེ་རྣམས་ཁྲིམས་འགལ་གྱིས་བཞེངས་པ་དང་ཁྲིམས་འགལ་གྱི་ཆོས་ལུགས་སློབ་གསོ་སྤྲོད་ཡུལ་ཞིག་ཡིན་པ་སྟེ། ལྷ་ཁང་དེ་དག་གི་ནང་དུ་ཆོས་ལུགས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རྣམས་རྒྱལ་ཁབ་ཀྱི་ཁྲིམས་དང་གཞུང་གི་ལམ་སྟོན་སྒྲིག་གཞི་ལ་རྒྱབ་འགལ་རེད་ཅེས་བཀྲལ།།

ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང་གི་ཁ་ཆེའི་ལྷ་ཁང་གསུམ་སྒོ་མ་བརྒྱབ་གོང་དེར་རྒྱ་ནག་གཞུང་གིས་ཉིང་ཞ་ཧོས་རིགས་རང་སྐྱོང་ཁུལ་དུ་ཨ་རབ་སྐད་ཡིག་སློབ་ཁྲིད་བྱ་ཡུལ་ཁ་ཆེའི་སློབ་གྲྭ་རྣམས་སྒོ་བརྒྱབ། ད་དུང་ཀན་སུའུ་ཞིང་ཆེན་གཞུང་གིས་རང་གི་མངའ་ཁུལ་དེར་ཁ་ཆེའི་ཧ་ལཱལ་གྱི་ལས་རྟགས་བརྒྱབ་པའི་ཟས་རིགས་འཚོང་མི་ཆོག་པ་དང་ཚོང་ལས་གཉེར་མི་ཆོག་ཅེས་བཀག སྲིད་འཛིན་ཞིས་ཅིན་ཕིང་གིས་ཆོས་ལུགས་རྣམས་རྒྱ་ནག་གི་ཁྱད་ཆོས་ལ་མཐུན་པ་ཞིག་ཏུ་བསྒྱུར་དགོས་པ་དང་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཏུ་བསྡུ་དགོས་ཞེས་ནན་བརྗོད་བྱས་པ་ལག་ལེན་བསྟར་གྱི་ཡོད་ཅིང་། ད་ལྟ་ཡུན་ནན་ཞིང་ཆེན་གྱི་ཧོས་ཧོས་ཏིང་དང་སན་ཅ། མཱ་མཱི་ཁྲང་གྲོང་ཚོ་རྣམས་ཝེ་ཧྲན་རྫོང་གི་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་གི་སྟངས་འཛིན་འོག་ཏུ་བསྡུས་ནས་ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བྱ་དགོས་ཞེས་མི་མང་ལ་སློབ་གསོ་གཏོང་གི་ཡོད་པ་སྟེ། རྒྱ་གཞུང་གི་ལས་བྱེད་པ་ཚོས་མི་མང་ཆོས་དད་པ་ཚོར་རྒྱལ་ཁབ་ཀྱི་ཁྲིམས་དང་དམར་ཤོག་ཚོགས་པའི་ལམ་སྟོན་སྒྲིག་གཞི་རྣམས་སློབ་ཁྲིད་བྱེད་དུ་ཐེངས་འགའ་ཞིག་སླེབས་སོང་ཞེས་ས་གནས་དེའི་མི་ཞིག་གིས་ཕྱི་རྒྱལ་གྱི་གསར་འགོད་པར་བཤད་འདུག

ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་ལ་ཡུན་ནན་ས་ཁུལ་གྱི་ཧོས་རིགས་ཚོས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་རྒྱ་ནག་གཞུང་ལ་ཁ་ཆེའི་ལྷ་ཁང་བཞེང་རྒྱུ་ཡིན་རྒྱུའི་ཐོ་འགོད་ཇི་ལྟར་བྱས་ཀྱང་གཞུང་གིས་ཆོག་མཆན་འགོད་ཀྱི་མི་འདུག འདས་པའི་ལོ་བཅུའི་ནང་དུ་ས་གནས་མི་མང་གིས་སྙན་ཞུ་ཕུལ་བར་འབྲེལ་ཡོད་འགོ་ཁྲིད་ཚོས་ཐེངས་འགའ་ཞིག་ལ་ཆོག་མཆན་བཀོད་མ་སོང་ཞེས་བཤད། རྒྱ་ནག་གི་སྤྱི་ཚོགས་སུ་སྲིད་གཞུང་གི་ཆོག་མཆན་མེད་པར་ཆོས་ལུགས་ཀུན་གྱི་ལྷ་ཁང་དང་དགོན་པ་སོགས་བཞེང་ཆོག་གི་མེད་པ་དང་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་བཞེངས་པའི་དགོན་པ་དང་ལྷ་ཁང་རྣམས་ཁྲིམས་འགལ་གྱི་ཆོས་སྡེར་བརྩིས་ཏེ་གཏོར་བཤིག་གཏོང་གི་ཡོད་པ་རེད། ཁ་སྔོན་གཟའ་སྤེན་པའི་ཉིན་ཡུན་ནན་ཞིང་ཆེན་གྱི་ཁ་ཆེའི་ལྷ་ཁང་དེ་དག་ལ་རྒྱ་གཞུང་གི་ཉེན་རྟོག་པས་དཔུང་འཇུག་བྱེད་ཀྱི་ཡོད་པའི་གློག་བརྙན་ཞིག་ཕྱི་ལ་ཁྱབ་པ་དེའི་ནང་དུ་ཉེན་རྟོག་པ་ཚོས་དགེ་སྦྱོར་ལ་གཞོལ་བའི་ཧོས་རིགས་རྣམས་འདྲུད་ཀྱི་ཡོད་པ་དང་མི་མང་གིས་ཁ་ཆེའི་ལྷ་ཁང་གི་སྒོ་བཀག་ནས་ཉེན་རྟོག་པ་འགོག་གི་ཡོད་པ། བུད་མེད་ཆོས་དད་པ་ཞིག་གིས་སྐད་འཕྲིན་ནང་དུ་ང་ལ་དྲན་པ་མ་ཐོར་བར་དུ་ཉེན་རྟོག་པ་ལྔ་དྲུག་ཅིག་གིས་ས་ལ་མནན་ནས་རྡུང་རྡེག་བཏང་སོང་། ད་ལྟ་ངའི་ལག་པ་འགུལ་ཐུབ་ཀྱི་མི་འདུག གལ་སྲིད་ང་ཨ་མས་སྐྱོབ་མེད་ན་ང་ཉེན་རྟོག་ལས་ཁང་ལ་ཁྲིད་ཡོད་ངེས་ཡིན་ཞེས་བཤད། གཟའ་མཇུག་འདི་ནས་ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང་གིས་ཁ་ཆེ་ལྷ་ཁང་དེ་དག་གི་སྒོ་ལ་ལྕགས་དྲྭ་འཐེན་ནས་ནང་དུ་འཛུལ་མི་ཐུབ་པར་བསྒྱུར། རྒྱ་ནག་རྒྱལ་ཡོངས་སུ་ཁ་ཆེའི་མི་གྲངས་ས་ཡ་༢༣་ཡོད་པ་དེ་དག་གི་གྲས་ཀྱི་རྒྱ་ཁ་ཆེ་འབུམ་༧་ཡས་མས་ཤིག་ཡུན་ནན་ཞིང་ཆེན་དུ་འདུས་སོ།།

XS
SM
MD
LG