ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༡༤

ཌོ་ནལ་ཊམ་དང་ཨེར་དྷོ་གྷན་གྱི་ཁ་པར་གྲོས་མོལ།


༄༅།། བདུན་ཕྲག་གཉིས་ཀྱི་གོང་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་ལ་ཁ་པར་བཏང་སྟེ་ཏུར་ཀིའི་དམག་གིས་ས་མཚམས་བརྒལ་ནས་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཨ་མི་རི་ཀའི་འཐབ་གྲོགས་ཀུར་དི་མི་རིགས་ཀྱི་འཐབ་མོ་བ་ཚོར་གཏོར་རྒོལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་རྒྱུན་ལྡན་གྱི་ཉེན་བརྡ་ཞིག་གཏོང་དགོས་པ་ཡིན་མོད། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་དང་ཨེར་དྷོ་གྷན་གྱི་བཀའ་མོལ་དེས་ཨ་མི་རི་ཀའི་དཀྱིལ་ཤར་ས་ཁུལ་ལ་འཛིན་པའི་དམག་དོན་སྲིད་ཇུས་ཀྱི་ཁ་ཕྱོགས་བསྒྱུར་བ་དང་ཨ་མི་རི་ཀས་སི་རི་ཡའི་ས་ཐོག་གི་ཁ་ཆེ་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱེད་ཀྱི་ཡོད་པའི་དམག་འཁྲུག་གི་ལས་འགན་ཏུར་ཀི་རྒྱལ་ཁབ་ལ་རྩིས་སྤྲོད་བྱས་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་འཛིན་ཨེར་དྷོ་གྷན་ལ་“གལ་སྲིད་ང་ཚོའི་དམག་དཔུང་ཕྱིར་འཐེན་བྱས་ན་ཁྱེད་ཚོས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་གཙང་དག་བྱེད་ཐུབ་བམ་”ཞེས་དྲིས། སྲིད་འཛིན་ཨེར་དྷོ་གྷན་གྱིས་ཏུར་ཀིའི་དམག་དཔུང་རྣམས་འཐབ་རྒོལ་དེར་གྲ་སྒྲིག་ཡོད་ཅེས་ལན་བཏབ། དེ་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་གློ་བུར་དུ་“འོ་ན་ཁྱེད་ཚོས་བྱོས་ཤོག་”ཅེས་གཏམ་ལན་སློག སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁ་པར་བཀའ་མོལ་དེར་ཟུར་དུ་ཉན་ཡོད་པའི་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ལ་“སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་འགོ་ཚུགས་”ཞེས་མངགས་བཀོད་བྱས་པ་རྣམས་ཏུར་ཀིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་གོ་ཐོས་བྱུང་ནས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་བཤད་ཅིང་། ཏུར་ཀིའི་མཐོ་རིམ་གཞུང་འབྲེལ་མི་སྣ་དེས་“ངས་ནི་ཐག་གཅོད་དེ་འདྲ་ཞིག་འབྱུང་རྒྱུའི་རེ་ལྟོས་འཆང་མེད། ཡ་མཚན་སོང་ཟེར་པའི་ཐ་སྙད་ཀྱིས་སྐབས་དེའི་ཐག་གཅོད་ཀྱི་གོ་རིམ་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་ཐུབ་ཀྱི་མི་འདུག་”ཟེར། ཝ་ཤིང་ཊོན་ཉམས་ཞིབ་ཁང་གིས་ཏུར་ཀིའི་སྡེ་ཚན་གྱི་འགན་འཛིན་སོ་ནེར་ཀེ་གྷབ་ཐེས་ཀྱང་ཨེར་དྷོ་གྷན་གྱིས་རྩོད་ལེན་བྱས་པ་ལས་ལྷག་ཅིག་ཐོབ་སོང་། ཁོ་པས་ཨ་རིའི་གཞུང་གིས་ཀུར་དི་མི་རིགས་ཀྱི་ཡུལ་དམག་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བཤད་ཡོད་པ་ལས་ཨ་མི་རི་ཀའི་དམག་དཔུང་སི་རི་ཡ་ནས་ཕྱིར་འཐེན་བྱ་དགོས་ཞེས་དགོས་འདུན་བཏོན་མེད། ཨེར་དྷོ་གྷེན་དང་ཌོ་ནལ་ཊམ་གྱི་ཁ་པར་བཀའ་མོལ་དེས་ཏུར་ཀི་རྒྱལ་ཁབ་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་སོང་ཞེས་བཤད། ཕྱི་ཟླ་༡༢་ཚེས་༡༤་ཉིན་ཨ་རིའི་སྲིད་འཛིན་དང་ཏུར་ཀིའི་སྲིད་འཛིན་གཉིས་ཀྱིས་ཁ་པར་ཐོག་ཏུ་བཀའ་མོལ་གནང་ཡོད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱི་ཐག་གཅོད་དེར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་སི་རི་ཡའི་ས་ཐོག་གི་ཨ་རིའི་དམག་དཔུང་འབྲེལ་མཐུད་པ་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གིས་ཉིན་མང་པོར་ངོ་རྒོལ་བྱས་ནས་སྲིད་འཛིན་ལ་ཐག་གཅོད་དེར་སྒྱུར་བཅོས་གཏོང་དགོས་པའི་སྐུལ་ལྕག་བཏང་རུང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉན་མེད་པས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་སི་རི་ཡའི་ས་ཐོག་གི་ཨ་རིའི་དམག་དཔུང་འབྲེལ་མཐུད་པ་གཉིས་ཀས་རང་རང་གི་ལས་གནས་ནས་གནང་བ་ཞུས་ནས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཐག་གཅོད་ལ་ངོ་རྒོལ་བྱས་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱི་ཐག་གཅོད་དེར་སྐྱོན་བརྗོད་དྲག་པོ་བྱས་ཤིང་། གཟའ་འཁོར་འདིར་སྲིད་འཛིན་ཌོ་ནལ་ཊམ་སྔོན་བསྒྲགས་མེད་པར་ཨི་རཀ་གི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ལ་གཟིགས་ཞིབ་ཏུ་ཕེབས་པའི་སྐབས་སུ་“ང་ལ་མི་མང་པོ་ཞིག་གིས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་མ་བྱེད་ཅེས་ཟེར་གྱིན་འདུག ངས་དེ་ལ་མོས་མཐུན་བྱས་མེད། ང་ཚོས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་ཕམ་ཉེས་བཏང་ཟིན་ཡོད་། ད་ནས་ཨེར་དྷོ་གྷན་ལ་གཙང་དག་བྱེད་དུ་ཆུགས་”ཅེས་གཏམ་བཤད་བྱས་འདུག

​འདས་པའི་ལོ་མང་རིང་ཏུར་ཀིའི་གཞུང་གིས་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་ཚོས་ཏུར་ཀི་མ་བདམས་པར་ཀུར་དི་མི་རིགས་ཀྱི་ཡུལ་དམག་རྣམས་གྲོགས་སུ་བསྟེན་ནས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱེད་ཀྱིན་འདུག ཀུར་དི་མི་རིགས་ཀྱི་ཡུལ་དམག་དེ་རྣམས་འཇིགས་སྐུལ་རིང་ལུགས་པ་ཡིན། ཁོ་ཚོས་ཏུར་ཀིའི་ལྷོ་ཕྱོགས་སུ་ཟིང་འཁྲུག་བསླངས་ནས་མི་ཁྲི་ཚོ་༤་ལྷག་བསད་ཡོད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཀུར་དིའི་ཡུལ་དམག་རྣམས་འཐབ་གྲོགས་སུ་བསྟེན་རྒྱུ་མཚམས་བཞག་མེད། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པ་འདིས་སི་རི་ཡའི་ས་ཐོག་གི་ཀུར་དི་མི་རིགས་ཀྱི་ཡུལ་དམག་ལ་ཏུར་ཀིའི་དམག་གིས་དཔུང་འཇུག་དང་གཏོར་རྒོལ་བྱ་རྒྱུའི་ཉེན་ཀ་ཆེ་རུ་སོང་ཡོད། ཏུར་ཀིའི་གཞུང་གིས་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོ་ལས་ཀྱང་ཀུར་དི་མི་རིགས་ཀྱི་ཡུལ་དམག་རྣམས་ཉེན་ཀ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཀུར་དི་མི་རིགས་ཀྱི་ཡུལ་དམག་གིས་ཀྱང་ཏུར་ཀི་དང་སི་རི་ཡ། ཨི་རཀ་དང་ཨི་རན། ལེ་བྷ་ནན་སོགས་རྒྱལ་ཁབ་འགའ་ཞིག་གི་ཁོངས་སུ་ཁ་གཏོར་བཏང་ཡོད་པའི་ཀུར་དི་མི་རིགས་དང་ས་ཁོངས་རྣམས་གཅིག་གྱུར་བྱས་ནས་ཀུར་དི་སི་ཐན་རང་བཙན་རྒྱལ་ཁབ་སླར་གསོ་བྱ་རྒྱུའི་འཐབ་འཁྲུག་རྒྱག་གི་ཡོད་པ་རེད།།

ཨ་མི་རི་ཀའི་དམག་དཔུང་རྣམས་སི་རི་ཡ་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་ཀུར་ཀིའི་དམག་གིས་ཀུར་དི་མི་རིགས་ཀྱི་ཡུལ་དམག་ལ་འཐབ་རྒོལ་བྱ་རྒྱུ་སྟབས་བདེ་རུ་གྱུར་ཀྱང་སི་རི་ཡའི་གཞུང་དམག་དང་དེའི་རྒྱབ་སྐྱོར་པ་ཨུ་རུ་སུ་དང་ཨི་རན་གཉིས་ལའང་འཐབ་རྒོལ་བྱ་དགོས་པས་ཏུར་ཀིའི་ལས་འགན་གསར་པ་སྒྲུབ་བདེ་བོ་ཞིག་མེད། ཕྱི་ཟླ་༡༢་ཚེས་༢༨་ཉིན་ཀུར་དི་མི་རིགས་ཀྱི་ཡུལ་དམག་གིས་རང་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་གནས་ཁག་སི་རི་ཡའི་གཞུང་གིས་རྩིས་ལེན་བྱ་དགོས་ཞེས་བཤད། གལ་སྲིད་ཏུར་ཀིའི་དམག་གིས་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་བཙན་ས་མཐའ་མ་དེ་ལེན་དགོས་ཚེ། ཏུར་ཀིའི་དམག་གིས་སྔོན་ལ་ཀུར་དི་མི་རིགས་ཀྱི་ཡུལ་དམག་དང་སི་རི་ཡའི་དམངས་གཙོའི་འཐབ་མོ་བའི་དཔུང་ཁག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁྱོན་སྤྱི་ལེ་༢༥༠་བརྒལ་དགོས། ཏུར་ཀིའི་གསང་བའི་ལས་ཁང་དང་རྒྱལ་སྲུང་ལྷན་ཁང་། ཕྱི་སྲིད་ལྷན་ཁང་གི་འགོ་ཁྲིད་ཚོ་གཟའ་སྤེན་པ་འདིར་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་ཕེབས་ནས་ཨུ་རུ་སུའི་གཞུང་ལ་ཏུར་ཀིའི་ལས་འགན་གསར་པ་སྒྲུབ་ཕྱོགས་སུ་གྲོས་བསྡུར་བྱ་འཆར་ཡོད་པ་སྟེ། ཏུར་ཀིའི་བདེ་འཇགས་ལས་སྣེ་ཚོས་ཨ་མི་རི་ཀའི་དམག་དཔུང་གི་ཚབ་ཤུལ་དེ་ཉིད་ཏུར་ཀིའི་དམག་དཔུང་གིས་གསབ་དགོས་པ་ལས་སླ་བོ་ཞིག་ག་ལ་ཡིན། ང་ཚོས་ཕྱོགས་གང་ཐད་ལ་བསྐྱར་དུ་བསམ་བློ་བཏང་ནས་གྲ་སྒྲིག་བྱ་དགོས་རྒྱུ་རེད་ཅེས་བཤད།།

སི་རི་ཡའི་བྱང་ཕྱོགས་ཕལ་ཆེ་བ་ཀུར་དི་མི་རིགས་ཀྱི་ཡུལ་དམག་གི་དབང་སྒྱུར་འོག་ཏུ་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པའི་རྗེས་སུ་ཀུར་དི་མི་རིགས་ཀྱི་འགོ་ཁྲིད་ཚོས་སི་རི་ཡའི་གཞུང་དང་དེའི་རྒྱབ་སྐྱོར་པ་ཨུ་རུ་སུ་གཉིས་ལ་སི་རི་ཡའི་བྱང་ཕྱོགས་ཀྱི་ས་གནས་ཁག་གི་བདེ་འཇགས་སྲུང་སྐྱོབ་བྱ་དགོས། ད་ནས་སི་རི་ཡའི་གཞུང་དམག་གིས་བྱང་ཕྱོགས་ཀྱི་ས་མཚམས་ཁག་ལ་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་ཞུས། འདས་པའི་ལོ་མང་ཞིག་ལ་ཀུར་དི་མི་རིགས་ཀྱི་ཡུལ་དམག་དང་སི་རི་ཡའི་དམངས་གཙོའི་དཔུང་ཁག་གིས་སི་རི་ཡའི་བྱང་ཕྱོགས་ཀྱི་ས་མཚམས་ཁག་ལ་སྲུང་སྐྱོབ་བྱས་ནས་ཏུར་ཀིའི་ཚུར་རྒོལ་ལ་འགོག་རྒོལ་བྱས་ཡོད། ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གྱིས་སི་རི་ཡའི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་སྲིད་འཛིན་ཨ་ས་ཐེའི་སྲིད་གཞུང་མགོ་རྟིང་སློག་རྒྱུའི་འཐབ་ཇུས་ཤིག་ལག་ལེན་བསྟར་མོད། འོན་ཀྱང་སི་རི་ཡའི་སྲིད་འཛིན་ཨ་ས་ཐེ་ལ་ཨུ་རུ་སུ་དང་ཨི་རིན་གཉིས་ཀྱིས་དམག་དང་དཔལ་འབྱོར་འགྲོ་གྲོན་སོགས་ཕྱོགས་གང་ཐད་དུ་རྒྱབ་སྐྱོར་བྱས་པས་སྲིད་འཛིན་ཨ་ས་ཐེའི་སྲིད་གཞུང་མགོ་རྟིང་སློག་ཐུབ་མེད། ད་ལྟ་ཏུར་ཀིའི་དམག་གིས་སི་རི་ཡའི་བྱང་ཕྱོགས་ཀྱི་ཀུར་དི་མི་རིགས་ཀྱི་ཡུལ་དམག་ལ་འཐབ་རྒོལ་དང་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱ་དགོས་ན་སི་རི་ཡའི་གཞུང་དང་ཨུ་རུ་སུ། ཨི་རན་བཅས་ཀྱི་རྒྱབ་སྐྱོར་འཐོབ་རྒྱུ་སྔར་ལས་གནད་འགག་ཆེ་རུ་གྱུར་འདུག

སི་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་སྟོང་ཕྲག་༢་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་དེར་དུས་ཡུན་རིང་པོ་འགོར་སྲིད་པ་དང་གནས་སྐབས་རིང་གང་ཅིའི་ཐད་དུ་འགྱུར་བ་ཐེབས་རྒྱུ་མིན་རུང་། ཀུར་དི་མི་རིགས་ཀྱི་འགོ་ཁྲིད་ཚོས་ཕུགས་རྒྱང་རིང་པོར་དམིགས་ནས་སི་རི་ཡའི་གཞུང་དང་ཨུ་རུ་སུ་གཉིས་ལ་གྲོས་མོལ་བྱས་ནས་ཏུར་ཀིའི་དམག་གི་རྒོལ་རྡུང་བྱུང་ན་སྲུང་སྐྱོབ་ཐོབ་ཐབས་ཀྱི་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། ད་དུང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལའང་ཨ་མི་རི་ཀའི་ཚབ་ཤུལ་དེར་དམག་དཔུངགཏོང་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ཅིང་། ཨུ་རུ་སུ་དང་ཨི་རན་གྱི་རྒྱབ་སྐྱོར་འོག་ཏུ་སི་རི་ཡའི་སྲིད་འཛིན་ཨ་ས་ཐེ་ལ་ནང་འཁྲུག་གི་རྒྱལ་ཁ་ཐོབ། ད་ལྟ་སི་རི་ཡའི་མངའ་ཁོངས་ཕལ་ཆེ་བ་སྲིད་འཛིན་ཨ་ས་ཐེའི་དབང་སྒྱུར་འོག་ཏུ་བསྡུ་ཐུབ་ཡོད་པས་སྲིད་འཛིན་ཨ་ས་ཐེས་རང་གི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར་གྱི་ཡོད་པ་དང་། ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་རྩ་མེད་བཏང་བའི་རྗེས་སུ་སི་རི་ཡའི་གཞུང་དམག་གིས་རྒྱལ་ཁབ་དེའི་གྱེན་ལོག་པ་ཚོ་རྩ་མེད་གཏོང་སྲིད། སི་རི་ཡའི་དམངས་གཙོའི་འཐབ་མོའི་དཔུང་ཁག་ཟེར་པའི་གྱེན་ལོག་པ་རྣམས་ཨ་མི་རི་ཀའི་འཐབ་གྲོགས་གཙོ་བོ་ཡིན་པ་རེད།།

XS
SM
MD
LG