ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཧོས་རིགས་ས་ཁུལ་དུ་སྔར་ལས་དམ་དྲག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ད་ལྟའི་བར་དུ་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་ལ་མི་རིགས་དབྱེ་འབྱེད་དང་ཆོས་ལུགས་དབྱེ་འབྱེད་བྱས་ནས་དམ་དྲག་དང་སྟངས་འཛིན་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ད་ལྟ་ས་ཁུལ་གཞན་གྱི་རྒྱ་ཁ་ཆེའམ། ཡང་ན་ཧོས་རིགས་ཚོ་ལའང་རྒྱ་ནག་གཞུང་གིས་སྟངས་འཛིན་ནན་པོ་བྱ་རྒྱུ་མགོ་བརྩམས་འདུག

ཧོས་རིགས་ནི་ཞིན་ཅང་གི་ཡུ་གུར་བ་ཕུད་པའི་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཏུ་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཧ་ཅང་མང་པོ་ཡོད་པའི་ཚོགས་སྡེ་ཆེན་པོ་ཞིག་ཡིན། དེ་སྔོན་རྒྱ་ནག་གི་རིག་གནས་གསར་བརྗེའི་སྐབས་སུ་ཆོས་ལུགས་དད་མོས་བྱེད་མཁན་ཡོངས་ལ་མནར་གཅོད་བཏང་བའི་སྐབས་སུ་ཧོས་རིགས་ལའང་དམར་སྲུང་དམག་གིས་མནར་གཅོད་གཅིག་མཚུངས་སུ་བཏང་མོད། ཡིན་ནའང་དེའི་རྗེས་ལ་ཧོས་རིགས་ཚོར་ཞིན་ཅང་གི་ཡུ་གུར་བ་ལྟར་དམིགས་བསལ་གྱིས་དྲག་གནོན་རྒྱ་ཆེན་པོ་ཞིག་བྱུང་མེད།།

ད་ལོ་རྒྱ་ནག་གཞུང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ས་ཁུལ་གྱི་ཁ་ཆེའི་ལྷ་ཁང་ཞིག་བཙན་གྱིས་གཏོར་བཤིག་བཏང་བར་ཉིན་ཞའི་ཁ་ཆེ་སྟོང་ཕྲག་མང་པོས་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་རྒྱ་གཞུང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་ལ་འཛིན་པའི་སྲིད་ཇུས་དམ་དུ་བཏང་ཞིང་། ཧོས་རིགས་སྙན་ངག་པ་ཨན་རན་ནམ། ཡང་ཚུའི་ཧོ་ཞིན་ཞེས་པ་ཞིག་གིས་བཀག་ཉར་དང་འདྲི་གཅོད་བཅས་ཀྱི་སྲིད་ཇུས་འདིར་བློ་འཚབ་ཆེན་པོ་འདུག ད་ལྟ་ཧོས་རིགས་འདུ་སྡོད་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གིས་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ནི་དེ་སྔ་རིག་གསར་བརྗེའི་དུས་སུ་བྱུང་བའི་ལོ་རྒྱུས་ཀྱི་ཐབས་རྡུགས་ལེའུ་རྣམས་བསྐྱར་ཟློས་བྱེད་ཀྱི་ཡོད་པ་དང་མཚུངས་ཤིང་། གདུག་རྩུབ་ཀྱི་སྲིད་ཇུས་འདིའི་འོག་ཏུ་ཧོས་རིགས་དང་ཁ་ཆེ་ཚོས་དཀའ་སྡུག་ཆེན་པོ་མྱངས་ཡོད་ཅེས་བཤད།།

སྙན་ངག་པ་ཨན་རན་ནི་རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་ནས་ཡིན་ཞིང་། ཁོ་པས་སྒེར་གཉེར་དྲྭ་རྒྱ་ཞིག་ནས་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒྱ་ནག་གཞུང་གིས་ཞིན་ཅང་གི་སློབ་གསོ་བསྐྱར་མ་སྤེལ་ས་ཡིན་ཞེས་མིང་བཏགས་ཡོད་པའི་བཀག་ཉར་ཁང་མང་པོ་ཡོད་པ་རྣམས་དྲྭ་ལམ་སྤེལ། ཁོ་པ་སྤྱི་ཟླ་༡༡་པའི་ཚེས་༢༧་ཉིན་རྒྱ་གཞུང་གིས་ཉིན་གཉིས་ཀྱི་རིང་ལ་བཀག་ཉར་བྱས་ཡོད་པ་དང་དྲྭ་ལམ་ལ་མུ་མཐུད་དུ་གནས་ཚུལ་དེའི་རིགས་འགོད་མི་ཆོག གལ་སྲིད་ཁོ་པས་སྔར་བཞིན་དྲྭ་ལམ་དུ་གནས་ཚུལ་སྤེལ་ན་ཉེས་ཆད་ལྕི་མོ་གཅོད་སྲིད་པའི་འཇིགས་སྐུལ་བྱས་ཡོདཅིང་། ད་ལོའི་སྤྱི་ཟླ་༨་པའི་ནང་དུའང་ཁོ་པས་ཊོས་ཊར་དྲྭ་ལམ་དུ་ཧོས་རིགས་ཚོའི་གནས་སྟངས་ནི་ཡ་ང་བ་དང་ཛ་དྲག་ཅན་ཡིན་རུང་མི་ཚོས་འཇིགས་སྐྲག་གི་འོག་ཏུ་བཟོད་བསྲན་བྱས་ནས་ཅི་ཡང་སྨྲ་བརྗོད་བྱེད་ཕོད་ཀྱི་མི་འདུག ཕྱི་ལོགས་ཀྱི་མི་ཚོས་དྲིལ་སྒྲོག་ཙམ་མ་ཡིན་པར་ང་ཚོ་ནི་དོན་དམ་དུ་བདེ་སྐྱིད་ལྡན་པའི་ཁ་ཆེ་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག ཡིན་ནའང་དོན་དངོས་སུ་དེ་འདྲ་མིན་པ་ལོ་འདི་དག་གི་རིང་ལ་གཞུང་གིས་ལན་ཁག་གཡོར་ས་འདྲ་མིན་ཞིག་བཙལ་ནས་ཧོས་རིགས་མང་པོ་འཛིན་བཟུང་བྱས་པ་དང་པེ་ཅིང་དུ་ཡོད་པའི་ཁ་ཆེའི་པར་ཁང་ཞིག་གི་སྒོ་བརྒྱབ་པ། པར་ཁང་གི་ལས་སྣེ་འཛིན་བཟུང་བྱས་པ་སོགས་སྔར་ལས་ཛ་དྲག་ཆེ་རུ་འགྲོ་བཞིན་པ་བཅས་ཀྱིས་ར་སྤྲོད་བྱེད་ཐུབ་ཅེས་རྩོམ་ཡིག་བཀོད།།

དེ་ནས་ཉིན་ལྔའི་རྗེས་སུ་ཧྲན་ཏུང་ཞིང་ཆེན་གྱི་ཅི་ནན་གྲོང་ཁྱེར་གྱི་ཉེན་རྟོག་པ་འགའ་ཞིག་སྙན་ངག་པ་ཨན་རན་གྱི་ཁྱིམ་དུ་ཡོང་ནས་དྲྭ་ལམ་དུ་རྩོམ་ཡིག་དེའི་རིགས་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་འདུག གཞན་ཡང་ལོ་འདིར་རྒྱ་ནག་ཉིན་ཞ་ཧེ་རིགས་རང་སྐྱོང་ས་ཁུལ་གྱི་ཐུང་ཞིན་རྫོང་དུ་རྒྱ་ཁ་ཆེའི་ཝེ་ཀྲུག་གྲོང་རྡལ་དུ་ཁ་ཆེའི་ལྷ་ཁང་ཞིག་བརྒྱབ་ཡོད་པར་རྒྱ་ནག་གཞུང་གིས་བཙན་གྱིས་བཤིག་དགོས་པའི་བཀའ་བཏང་སྟེ་གཏོར་བཤིག་གཏོང་རྒྱུའི་མགོ་བརྩམས་པར་ས་གནས་མིང་མང་སྟོང་ཕྲག་མང་པོས་ཉིན་མང་རིང་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་ལྷ་ཁང་ལ་སྲུང་སྐྱོབ་བྱས། སྤྱི་ཟླ་༨་ནང་དུ་སླར་ཡང་དེའི་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་ཞེས་གནས་སྐབས་རིང་ལྷ་ཁང་གཏོང་བཤིག་བྱ་རྒྱུ་མཚམས་འཇོག་བྱ་དགོས་བྱུང་རུང་། སྐབས་དེར་ཐུང་ཞིན་རྫོང་ཝེ་ཀྲུག་གྲོང་རྡལ་ལ་སྲིད་གཞུང་གིས་གཞུང་ཡིག་གི་ཐོག་ཏུ་བཀའ་རྒྱ་བསྒྲགས་ཏེ་ཁ་ཆེའི་ལྷ་ཁང་དོ་དམ་ལྷན་ཁང་དང་ལྷ་ཁང་འཛུགས་སྐྲུན་སྡེ་ཁག་གི་ལས་སྣེ་ཚོས་གཞུང་གི་འབྲེལ་ཡོད་ཚན་པ་ཁག་ལ་དགོས་ངེས་ཀྱི་ཆོག་མཆན་མ་ཞུས་པར་ལྷ་ཁང་འདི་བརྒྱབ་འདུག་པས་གཞུང་གི་འབྲེལ་ཡོད་ཚན་པས་བདུན་ཕྲག་གཅིག་གི་ནང་ཚུད་དུ་ལྷ་ཁང་གཏོར་རྒྱུ་ཡིན། གལ་སྲིད་ལྷ་ཁང་འདི་བཤིག་རྒྱུར་འགོག་རྐྱེན་རྒྱག་མཁན་ཡོད་ན་ཁྲིམས་ལྟར་བཙན་གྱིས་གཏོར་བཤིག་གཏོང་རྒྱུ་ཡིན་པས་འགོག་རྐྱེན་བཟོ་མཁན་ཚོར་མཇུག་འབྲས་ཅི་བྱུང་ནི་དོ་བདག་རང་གིས་འགན་འཁྲི་ལེན་དགོས་ཞེས་འཇིགས་སྐུལ་བྱས་ཡོད། ཉེ་ཆར་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་རྒྱ་གཞུང་གིས་ཨ་རབ་སྐད་ཡིག་སློབ་སྦྱོང་སྤྲོད་སའི་ཁ་ཆེའི་སློབ་གྲྭ་ཞིག་སྒོ་བརྒྱབ། ཧོས་རིགས་འདུ་སྡོད་ཀྱི་ས་གནས་ཁག་ཏུ་ཞིན་ཅང་གི་སྲིད་ཇུས་ཁག་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ནོ།།

XS
SM
MD
LG