ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་གློག་འཕྲིན་གྱི་སྒྲིག་ཆས་བཀག་འགོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་ལོ་རྗེས་མ་ནས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ལས་ཁང་གཉིས་ཀྱིས་བཟོས་པའི་གློག་འཕྲིན་སྒྲིག་ཆས་ཀྱི་རིགས་བཀོལ་སྤྱོད་དང་ཨ་རིའི་ཁྲོམ་རར་ཚོང་འགྲེམ་བྱེད་མི་ཆོག་ཅེས་སྲིད་འཛིན་གྱི་བཀའ་ཁྱབ་ཅིག་ལ་སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༡་པོའི་ནང་དུ་མཚན་རྟགས་འགོད་རྒྱུའི་འཆར་གཞི་འདུག་ཅེས་རོ་ཡེ་ཊར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ལས་ཁང་གཉིས་ཀྱིས་བཟོས་པའི་གློག་འཕྲིན་སྒྲིག་ཆས་ཀྱི་རིགས་ཨ་རིའི་སྤྱི་ཚོགས་སུ་བཀོལ་སྤྱོད་གཏོང་དུ་འཇུག་རྒྱུ་འགོག་དགོས་ཀྱིན་འདུག་ཅེས་ཨ་རིའི་གྲོས་ཚོགས་སོགས་སུ་གླེང་སློང་ཤུགས་ཆེན་འབྱུང་གི་ཡོད་ཅིང་། གྲོས་ཚོགས་འཐུས་མི་ཚོས་དེ་ལྟར་གླེང་སློང་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པ་དང་། ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་ཁ་པར་དང་གློག་འཕྲིན་སྒྲིག་ཆས་ཁག་གིས་ཨ་མི་རི་ཀར་གསང་ཉུལ་བྱེད་ཐུབ་པ་དང་ཨ་རིའི་ཚོགས་སྡེ་ཁག་དང་སྤྱི་དམངས་སྒེར་པའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པས་ཨ་རིའི་ཚོང་དོན་ལྷན་ཁང་གིས་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འབྱུང་སྲིད་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཐོན་རྫས་རྣམས་འགོག་འཆར་ཡོད་པ་རེད།།

ད་ནས་ཡུན་རིང་མི་འགོར་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཚན་རྟགས་འགོད་འཆར་ཡོད་པའི་བཀའ་ཁྱབ་དེར་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་གཉིས་དངོས་སུ་མིང་འདོན་བྱེད་མི་སྲིད་ཀྱང་ཨ་རིའི་ཚོང་དོན་ལྷན་ཁང་གིས་ལག་བསྟར་བྱེད་སྐབས་གོང་འཁོད་རྒྱ་ནག་གི་བཟོ་ཚོང་ལས་ཁང་གཉིས་ལ་ངོས་འཛིན་བྱས་ནས་ལག་བསྟར་བྱ་རྒྱུ་རེད་ཅེས་འབྲེལ་ཡོད་མི་སྣ་ཞིག་གིས་རོ་ཡེ་ཊར་གསར་འགྱུར་ཁང་ལ་བཤད་འདུག

ད་དུང་དབྱིན་ཡུལ་གྱི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་དབྱིན་ཡུལ་གློག་འཕྲིན་ཞེས་པས་ཀྱང་ཉེ་ཆར་སྤྱི་ཚེས་༢༦་ནས་བཟུང་སྟེ་དབྱིན་ཡུལ་གྱི་ཉེན་རྟོག་པའི་སྡེ་ཚན་དང་མེ་གསོད་རུ་ཁག སྨན་བཅོས་མྱུར་སྐྱོབ་སྡེ་ཚན་སོགས་རྒྱལ་ནང་གི་ཛ་དྲག་ལས་དོན་ཁག་ལ་འབྲེལ་བ་ཡོད་པའི་ཚན་པ་སོགས་ཀྱིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་བཟོས་པའི་གློག་འཕྲིན་སྒྲིག་ཆས་ཀྱི་རིགས་རྣམས་བཀོལ་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་མོད། ཡིན་ནའང་ད་སྔ་དབྱིན་ཇིའི་གཞུང་གིས་དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ཅི་ཡང་འགྲེལ་བཤད་བརྒྱབ་མེད་ཅིང་། དབྱིན་ཡུལ་གྱི་གློག་འཕྲིན་བཟོ་ཚོང་ཁང་ནི་དབྱིན་ཡུལ་གྱི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་ཡིན་པར་མ་ཟད། བཟོ་ཚོང་ཁང་དེ་ཡུ་རོབ་དང་ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་མང་པོར་ཚུགས་པའི་རྒྱལ་སྤྱིའི་བཟོ་ཚོང་ཁང་ཆེན་པོ་ཞིག་ཀྱང་ཡིན། ད་ལོའི་སྤྱི་ཟླ་༡༢་པའི་ནང་དུ་དབྱིན་ཡུལ་གྱི་བརྡ་འཕྲིན་བཟོ་ཚོང་ཁང་འདིས་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལྟའི་ཇཱི་གསུམ་པ་དང་ཇཱི་བཞི་པའི་དྲྭ་ལམ་སྒྲིག་ཆས་སུ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་བཟོས་པའི་བརྡ་འཕྲིན་སྒྲིག་ཆས་རྣམས་བཀོལ་སྤྱོད་གཏོང་མི་སྲིད་ཅེས་བརྗོད་ཀྱང་དབྱིན་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱ་རྒྱུ་རྦད་དེ་མཚམས་འཇོག་བྱས་མེད་པ་རེད།།

དབྱིན་གཞུང་གིས་སྤྱི་ལོ་༢༠༡༥་ལོ་ནས་བཟུང་སྟེ་ཇཱི་བཞི་པའི་ཛ་དྲག་མྱུར་སྐྱོབ་ཀྱི་དྲྭ་ལམ་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ཞིག་མགོ་བརྩམས། ལས་གཞི་འདིའི་ནང་དུ་བེད་སྤྱོད་གཏོང་རྒྱུའི་སྒྲིག་ཆས་གཙོ་བོ་རྣམས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་། དབྱེ་ཞིབ་པ་ཚོས་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་དུས་ཡུན་རིང་པོ་ཞིག་ནས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་གསང་ཉུལ་བྱེད་ཀྱི་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་དབྱིན་ཡུལ་དུ་རིམ་བཞིན་ཧྭ་ཝེའི་བརྡ་འཕྲིན་སྒྲིག་ཆས་རྣམས་མུ་མཐུད་དུ་བེད་སྤྱོད་གཏོང་དགོས་མིན་ལ་དོགས་སློང་དང་རྩོད་པ་འབྱུང་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

འདས་པའི་ལོ་བཅོ་ལྔའི་རིང་ལ་དབྱིན་ཡུལ་གློག་འཕྲིན་གཙོས་དབྱིན་ཡུལ་གྱི་བརྡ་འཕྲིན་བཟོ་ཚོང་ལས་ཁང་ཆེ་ཁག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་རྒྱ་ཆེན་པོ་བྱས་ཡོད་ཅིང་། ཧྭ་ཝེ་བཟོ་ཚོང་ཁང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པ་ཁས་ལེན་བྱེད་ཀྱི་མེད་ཀྱང་ཨ་རི་དང་དབྱིན་ཡུལ། ཁ་ནེ་ཌ༎ ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི་བཅས་ཀྱི་གསང་བའི་ལས་ཁང་ཁག་མཉམ་འབྲེལ་བྱས་ནས་མ་འོངས་པར་ཇཱི་ལྔ་པའི་དྲྭ་ལམ་སྒྲིག་ཆས་ནང་དུ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་སྒྲིག་ཆས་དེ་ཉིད་བཀོལ་སྤྱོད་གཏོང་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག

XS
SM
MD
LG